ཕྱི་ལོ་ ༢༠༠༢ ནས་དབུ་བརྩམས་ཏེ། བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་སློབ་ལམ་སྟོན་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་སོའི་རྒྱུན་ལས་རྣམས་ཀྱིས། རྒྱལ་ཕྱི་ནང་གང་སར་བཞུགས་པའི་ཤེས་ལྡན་དོན་གཉེར་གྱི་མི་སྣ་སྤྱི་དང་། བྱེ་བྲག་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་པ་རྣམས་ཀྱི་དགོས་མཁོ་དང་བསྟུན་ནས།

ལོ་རེ་བཞིན་གདན་ས་འདིའི་ཡིག་ཆ་གོང་འོག་བར་གསུམ་གཙོས། རྒྱལ་བའི་བཀའ་དང་བཀའ་བརྟེན། ཁྱད་པར་དུ་དཔེ་རྙིང་དཔེ་དཀོན་ལག་སོན་བྱུང་བའི་གལ་ཆེའི་གསུང་རབ་རིགས་གང་མང་དེབ་གཟུགས་སུ་པར་སྐྲུན་དང་བསྐྱར་པར་སོགས་གནང་དང་གནང་མུས་ལྟར།


ད་ལན་སྐབས་ ༤༦ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ནས་ཀྱང་། “རྗེ་རིན་པོ་ཆེའི་རྣམ་ཐར་”དང་། ཁྱད་པར་དུ་དེ་སྔར་བོད་ཕྱི་ནང་གཉིས་ནས་དེབ་གཟུགས་སུ་དཔར་སྐྲུན་ཞུས་མྱོང་མེད་པའི་དཔེ་དཀོན། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་“ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ལས་ཡན་ལག་རྒྱས་བཤད་ཀྱི་ཐལ་ཕྲེང་གསལ་བའི་སྒྲོན་མེ་” གཉིས་པར་སྐྲུན་ཞུས་ཏེ།

དེ་རིང་སྤྱི་ལོ་ ༢༠༢༦། ཟླ་བ་ ༩ པའི་ཚེས་ ༥ དང་བོད་ཟླ་ ༧ པའི་ཚེས་ ༢༤ སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་དམ་པ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གི་འདས་མཆོད་ཀྱི་དུས་ཆེན་དང་བསྟུན་མཁན་སློབ་རྣམ་པར་དབུ་འབྱེད་ཀྱི་པར་ཕུད་ཕུལ་ཞིང་། དགེ་འདུན་མང་ཚོགས་ལ་འགྲེམ་སྤེལ་གནང་སྟེ་ད་བར་བཤད་སྒྲུབ་འདུས་སྡེས་པར་སྐྲུན་ཞུས་པའི་དཔེ་དེབ་སྤྱི་ཡི་དེབ་ཕྲེང་ ༩༡ ཟིན་ཡོད་པ་རེད་འདུག་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲ་ཚིགས་ཁང་ནས།
ད་བར་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་སྐྲུན་ཞུས་པའི་དཔེ་དེབ་ཡོངས་ཀྱི་དཀར་ཆག་ལ་གཟིགས།












