བཟླས་ཆོག་རིན་ཆེན་སྒྲོན་མེའི་བྱུང་ཁུངས་ལོ་རྒྱུས།

a (3)བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ཀྱིས་མཛད།
རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ་ཡན་ལག་བརྒྱད་པ་འདི་ཉིད་ཀྱི་བྱུང་ཁུངས་རིམ་པ་ཇི་ལྟར་ཡིན་ཞེ་ན།  དེ་ཡང་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་གླེང་གཞི་ཅན་ཡིན་ཏེ།  སྟོན་པ་ཕུན་སུམ་ཚོགས་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དོ།  སྟོན་པ་ཕུན་སུམ་ཚོགས་ཚུལ་ཇི་ལྟར་ཡིན་ཞེ་ན།  མི་མཇེད་སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པ་དེ་ཉིད་ལ།  སྐུ་ཡི་ཆ་ནས་སྐུ་གསུམ་དང་སྐུ་ལྔ་ལྷུན་རྫོགས་སུ་གནས་པས་སྐུ་ཕུན་སུམ་ཚོགས་པ་ཡིན།  གསུང་གི་ཆ་ནས་རང་བཞིན་འགག་པ་མེད་པའི་གསུང་སྟེ་ཚངས་དབྱངས་ཡན་ལག་དྲུག་ཅུའི་རང་སྒྲ་འགག་མེད་དུ་སྒྲོགས་པས་གསུང་ཕུན་སུམ་ཚོགས་པ་ཡིན།  ཐུགས་ཀྱི་ཆ་ནས་མཁྱེན་པའི་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་འདུ་འབྲལ་མེད་པར་མི་ཟད་རྒྱན་གྱི་འཁོར་ལོར་གྲུབ་པས་ཐུགས་ཕུན་སུམ་ཚོགས་པ་ཡིན།  ཡོན་ཏན་གྱི་ཆ་ནས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་གཉིས་རྒྱན་རྫོགས་སུ་གནས་པས་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།  འཕྲིན་ལས་ཀྱི་ཆ་ནས་་གདུལ་བྱ་སྤ་སྐོང་བར་བྱེད་པའི་ཞི་བའི་འཕྲིན་ལས་དང།  ཚར་གཅོད་པར་བྱེད་པའི་དྲག་པོའི་འཕྲིན་ལས། རྒྱུད་སྨིན་པར་བྱེད་པའི་དབང་གི་འཕྲིན་ལས།   རྗེས་སུ་འཛིན་ཞིང་ས་ལམ་དང་སྤང་རྟོགས་ཀྱི་ཡོན་ཏན་འཕེལ་བར་བྱེད་པའི་རྒྱས་པའི་འཕྲིན་ལས།  འགྲོ་བ་གང་ལ་གང་འདུལ་གྱི་ཐབས་ལ་མཁས་ཤིང་ཐམས་ཅད་་ཐུགས་རྗེའི་རྒྱུན་ལ་འདོགས་པར་བྱེད་པའི་རྒྱུན་གྱི་འཕྲིན་ལས་དང་ལྔ་ཡི་མཐུ་སྟོབས་དཔག་མེད་མངའ་བས་ན་འཕྲིན་ལས་ཕུན་སུམ་ཚོགས་པ་ཡིན།  དེའི་ཕྱིར་ན་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ཡིན་ནོ།  གནས་ཕུན་སུམ་ཚོགས་པ་ནི། རྟག་གཟིགས་འོལ་མོ་གླིང་ཆེན་གྱི་ནུབ་ཕྱོགས།  རྒོད་རྗེ་རྒྱ་ཡི་ཡུལ་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་ཞེས་བྱ་བ་དེའོ། གནས་ཕུན་སུམ་ཚོགས་ཚུལ་ནི།  འཇིག་རྟེན་མངའ་དབང་ཅན་་གྱི་ལྷ་ཀླུ་མཐུ་སྟོབས་དང་ལྡན་པ་དང་རྣམས་ཀྱིས་བསྐྲུན་པ་སྟེ།  རྨེང་རྩལ་ལྡན་སྲིན་གྱིས་བཏིངས་།  བད་གཉེན་པོ་ལྷ་ཡིས་བཏགས།  ནང་རྫུ་འཕྲུལ་ཀླུ་ཡིས་བྲིས།  སྐོས་སྒམ་པོ་ཕྱྭ་ཡིས་མཛད།  ལག་བསོད་ལྡན་མི་ཡིས་བླངས།  བྱིན་བདེར་གཤེགས་རྣམས་ཀྱིས་རླབས།  མངའ་སྟོན་པའི་སྒྲོན་མས་ཕུལ་བར་མཛད་པས་ན།   གནས་ཕུན་སུམ་ཚོགས་པ་ཞེས་བྱའོ།  འཁོར་ཕུན་སུམ་ཚོགས་པ་ནི།  ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྟོབས་དང་ལྡན་པའི་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་།  དཔལ་མགོན་འབུམ་ཕྲག་བཅོ་ལྔ།  ཕྱི་འཁོར་བྱེ་བ་ས་ཡ།   དེའི་ནང་ནས་ཁྱད་པར་དུ་མདོ་སྡེ་རིན་པོ་ཆེ་འདི་ཉིད་ཀྱི་ཞུ་འཁོར་གྱི་དབང་དུ་བྱས་ན།  གཏོ་རིགས་འབུམ་ཕྲག་མཐའ་ཡས་ལ་ ་མངའ་དབང་ བསྒྱུར་བའི་སྐུ་ཡི་སྲས་མཆོག་གཏོ་བུ་འབུམ་སངས་དང།    དཔྱད་རྒྱུད་བརྒྱད་ཁྲི་བཞི་སྟོང་ལ་ཆགས་ཐོགས་བྲལ་བའི་སྐུ་ཡི་སྲས་མཆོག་དཔྱད་བུ་ཁྲི་ཤེས་དང།  ཟབ་མོ་འབུམ་སྡེའི་དོན་ལ་མཁྱེན་རབ་ཀྱི་འོད་སྣང་རྒྱས་པའི་སྐྱེས་མཆོག་ཐུགས་སྲས་རྨ་ལོ་གཙུག་ཕུད་དང།  རྒྱ་ཆེ་གཟུངས་སྡེའི་བོན་ལ་ཐོགས་མེད་ཀྱི་མཁྱེན་རྩལ་རྫོགས་པའི་སྐྱེས་མཆོག་ཐུགས་སྲས་གཡུ་ལོ་ཟུར་ཕུད་ཅན་དང་བཞི།   རྣམ་དག་འདུལ་བའི་བོན་སྒོ་སྤྱི་ལ་མངའ་བསྙེམས་ཤིང་རྨད་འབྱུང་སྲིད་པའི་དཀའ་ཐུབ་དམ་་པར་གྱུར་པའི་གསུང་སྲས་ཡིད་ཀྱི་ཁྱེའུ་ཆུང། གླིང་བཞི་མི་ཡི་ནང་ནས་བསོད་ནམས་གྱི་གཏེར་གྱིས་ཕྱུག་པའི་རྒོད་རྗེ་རྒྱ་ཡི་གདུང་སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་ཡིན་པས་ན།  འཁོར་ཕུན་སུམ་ཚོགས་པ་ཞེས་བྱའོ།  དུས་ཕུན་སུམ་ཚོགས་པ་ནི།  འགྲོ་བ་འདྲེན་པའི་སྟོན་པ་ཆེན་པོ་དེ་ཉིད་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་རུ་བཞེངས་ཤིང་མ་རུང་བའི་བདུད་དང་བགེགས་རིགས་ཀྱི་ཚོགས་རྣམས་མངོན་སྤྱོད་ལས་སྦྱོར་གྱིས་ཚར་གཅོད་ཅིང།  དགེ་བའི་སྡོང་འདེབས་བྱས་པའི་དུས་སོ། དུས་ཕུན་སུམ་ཚོགས་ཚུལ་ནི།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྣམ་པ་གསུམ་རྗེས་སུ་བཞག་པའི་དུས་ཁྱད་པར་ཅན་ཡིན་པས་ནའོ། བཀའ་ཕུན་སུམ་ཚོགས་པ་ནི།  བཟླས་ཆོག་རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ་ཡན་ལག་བརྒྱད་པ་འདི་ཉིད་དོ། བཀའ་ཕུན་སུམ་ཚོགས་ཚུལ་ནི།   དུས་ངན་སྙིགས་མ་ལྔ་བདོའི་སྐབས་འདིར་ཀློག་པ་དང་འཆང་བ་དང་འདོན་པ་དང་བཟླས་པ་ཙམ་གྱིས་ཆོག་པའི་མདོ་སྡེ་ཆེན་པོ་འདི་ཉིད་དང་སྙིང་པོ་དེ་རྣམས་ལ་ཕན་ཡོན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་ཚོགས་པས་ན།   བཀའ་ཕུན་སུམ་ཚོགས་པ་ཞེས་བྱའོ།  དོན་ཆེད་དང་དགོས་པ་ཅིའི་ཕྱིར་དུ་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་འདི་ཉིད་གསུངས་པ་ཡིན་ཞེ་ན།  ནད་དང་་གནོད་པ་ཞི་བ་དང།  རྐྱེན་དང་བར་ཆོད་ཟློག་པ་དང།   ཚེ་དང་བསོད་ནམས་འཕེལ་བ་དང།  དཔལ་དང་གྲགས་པ་བསྐྱེད་པ་དང།  སྒྲིབ་སྦྱང་ཚོགས་གཉིས་རྫོགས་པ་དང།  བླ་མེད་འབྲས་བུ་འཐོབ་པར་བྱ་བའི་ཕྱིར་དུ་བསྟན་པ་ཡིན་ནོ།  བོན་སྒོ་བཞི་མཛོད་དང་ལྔ་ཡི་ནང་ནས་གང་གི་ཁོངས་སུ་གཏོགས་པ་ཡིན་ཞེ་ན།  འདི་ནི་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་གྱི་ཁོངས་སུ་གཏོགས་པ་ཡིན་ལ།  སྤྱི་རྒྱུག་གི་ནང་ནས་མན་ངག་བཅུད་དུ་དྲིལ་ཞིང་སྒྲིབ་སྦྱོང་གི་གཞུང་དུ་ངེས་པའོ།  གཞུང་འདི་ཉིད་ཀྱི་རྒྱུད་ཁུངས་དང་རྒྱུད་རིམ་གྱི་དབང་དུ་བྱས་ན།  ཐོག་མར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་གཤེན་ལོ་ཉེར་ལྔ་བཞེས་པའི་དུས།    གཤེན་རབ་རྣམ་པར་རྒྱལ་བའི་སྐུ་རུ་བཞེངས་ནས་གསས་ཁང་དཀར་ནག་བཀྲ་གསལ་དུ་བསྟན་པ་རྣམ་གསུམ་རྗེས་བཞག་གི་མཛད་པ་སྐྱོང་སྐབས།  འཁོར་མཚན་ལྡན་ཁྱེའུ་བཞི་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་གཙོས་འཁོར་གྱི་དམ་པར་གྱུར་པ་རྣམས་ལ་གསུངས་པ་ཡིན་ཡང།     བསྟན་པ་འདི་ཉིད་ཀྱི་བཀའ་བབས་གཉེར་གཏད་བཅོལ་སའི་གཉེར་དཔོན་ནི་རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ་ཉིད་ཡིན་ནོ།   སྟོན་པ་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་མི་ལོ་བརྒྱད་བརྒྱ་འདས་པའི་མཚམས།   གཤེན་རབ་གསུང་གི་གཉེར་དཔོན་གདུང་ཚོབ་མུ་ཆོ་ལྡེམ་དྲུག་བྱོན་ཏེ་མདོ་སྡེ་རིན་པོ་ཆེ་འདི་ཉིད་དམར་ལ་ཟབ་པར་དགོངས་ནས་འཛམ་གླིང་མཁས་པའི་རྒྱན་དྲུག་གི་ནང་ཚན་རྟག་གཟིགས་ཀྱི་མཁས་པ་དམུ་ཙ་ཏྲ་ཧེ་ལ་གཉེར་གཏད་བཅོལ། མཁས་པ་ཆེན་པོ་དེ་ཉིད་ཀྱིས་མདོ་སྡེ་རིན་པོ་ཆེ་འདི་ཉིད་ལ་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་ནས་མདོ་སྡེ་རྒྱས་པའི་བོན་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ལ་གཏད།  རྒྱལ་རིགས་ཀྱི་གཤེན་པོས་རི་རྒྱལ་ལྷུན་པོའི་རྩ་བར་གཏན་ལ་ཕབས་ནས་འོལ་མོ་ལུང་རིང་གི་གནས་སུ་མདོ་སྡེ་རྒྱས་པའི་བོན་རྣམས་དར་བར་མཛད།    མདོ་སྡེ་འབྲིང་པོའི་བོན་ལྷ་གཤེན་ཡོངས་སུ་དག་པ་ལ་གཏད།  ལྷ་གཤེན་ཆེན་པོ་དེ་ཉིད་ཀྱིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་གཏན་ལ་ཕབས་ནས་རྩ་གསུམ་ལྷའི་གནས་སུ་དར་བར་མཛད།  མདོ་སྡེ་བསྡུས་པའི་བོན་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་ལ་གཏད།  ཀླུ་ཡི་གཤེན་པོ་དེ་ཉིད་ཀྱིས་ན་ར་སིང་སྔོན་གྱི་ལྗོངས་སུ་གཏན་ལ་ཕབས་ནས་འོག་ཕྱོགས་ཀླུའི་ཡུལ་དུ་དར་བར་མཛད།  དུས་ཕྱིས་ཞང་ཞུང་གི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ནི། ཐོག་མེད་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་དམུ་ཡི་གཤེན་པོ་བླ་ཆེན་དྲན་པ་ནམ་མཁའ་དེ་ཉིད་ཀྱིས་རྟག་གཟིགས་ཀྱི་ཡུལ་དུ་ཕེབས་ནས་ལོ་ཙ་སྦྱང།     བོན་རྣམས་རྟག་གཟིགས་ནས་གདན་དྲངས་ཏེ་ཞང་ཞུང་དང་བོད་ཀྱི་ཡུལ་དུ་ལོ་ཙཱ་བསྒྱུར།   མདོ་སྡེ་རིན་པོ་ཆེ་དེ་ནི་བླ་ཆེན་པོས་རྟག་གཟིགས་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་རི་རྒྱལ་ལྷུན་པོའི་ཕོ་བྲང་འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩ་བ་ཤེལ་བྲག་གཡུང་དྲུང་རིགས་ཀྱི་ཕོ་བྲང་དུ།  རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ལས་ཞུས་ནས་ཞང་ཞུང་གི་ཡུལ་དུ་ཕེབས། སྟོང་རྒྱུང་ལ་སོགས་མཁས་པ་རྣམས་ཀྱིས་བླ་ཆེན་པོའི་སྐུ་མདུན་ནས་ཞུས་ཏེ་ཞང་ཞུང་གི་ཡུལ་དུ་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར།  གསང་བ་འདུས་པའི་ཐུགས་འཛབ་མ་ཏྲིའི་འབྲུ་བརྒྱད་ཀྱི་གསང་གཟུངས་འདི་ཉིད། མཁས་པ་སྟོང་རྒྱུང་གིས་གར་ཐང་གུ་གེའི་སྒྲ་ལས་བསྒྱུར་ནས་བོད་ལ་དར་ཞིང་རྒྱས་པར་མཛད་པ་བཟླས་ཆོག་རིན་ཆེན་མཛོད་ཀྱི་ལས་སྒྲིབ་དག་པ་སྒྲིབ་སྦྱོང་གི་རྒྱུད་ལས་གསུངས་སོ།  དེ་ནས་དུས་རེ་ཤིག་ན་བོད་དང་ཞང་ཞུང་འཁྲུགས་ནས་བསྟན་པ་རིན་པོ་ཆེ་གཏེར་ལ་སྦས་པའི་དུས། བླ་ཆེན་པོས་བོན་འདི་ཤིན་ཏུ་སྨར་བར་གཟིགས་ནས་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་པའི་རྒྱས་པ་བླ་ཆེན་གྱི་ཐུགས་སུ་མངའ། འབྲིང་པོ་གངས་དཀར་ཤ་མེད་དུ་གཏེར་ལ་སྦས།  བསྡུས་པ་མཁས་པ་སྟོང་རྒྱུང་གི་ཕྱག་ཏུ་ཕུལ་ནས་དུས་ཕྱིས་དར་བའི་སྨོན་ལམ་བཏབ།  ད་ལྟའི་སྙིགས་མ་ལྔ་བདོའི་དུས་འདིར་སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་བདེན་སྟོབས་ཀྱིས།  དབྲ་བཙུན་མུ་ལ་རིན་ཆེན་ལ་བླ་ཆེན་དྲན་པ་ནམ་མཁའ་དང་མཁའ་འགྲོ་འོད་ལྡན་འབར་མས་སྙན་དུ་བརྒྱུད་པ་ཡིན་ནོ།  དེ་དག་ནི་ཡིད་ཆེས་པར་བྱ་བའི་ཕྱིར་བྱུང་བའི་ཁུངས་དང་རྒྱུད་ཚུལ་གྱི་རིམ་པ་མདོར་ཙམ་བསྟན་པ་ཡིན།  བྱུང་བའི་ཁུངས་དང་རྒྱུད་ཚུལ་གྱི་རིམ་པ་དེ་རྣམས་རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ་ཡན་ལག་བརྒྱད་པའི་གཞུང་ལས་གསལ་བ་ལྟར་ཅུང་ཙམ་ཁ་གསལ་གྱི་ཚུལ་དུ་བཀོད་པའི་ཁུལ་བྱས་པ་ཡིན་ནོ།

མ་ཏྲིའི་འཛབ་གྱི་འཕྲོ་འདུ་དང་བསྐྱེད་ཆོག་གི་རིམ་པ།
མདོ་སྡེ་རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་ལས་བྱུང་བའི་མ་ཏྲིའི་འཛབ་ཀྱི་འཕྲོ་འདུ་ནི།  བདག་ཉིད་སྟོན་པའི་ཐུགས་ཀ་རུ།  ཙི་ཏ་རིན་ཆེན་ཟུར་བརྒྱད་པ།  གཞའ་ཚོན་འོད་ཀྱི་གུར་ནང་དུ།  པད་མ་ཟླ་བའི་གདན་སྟེང་ན།  ཁ་དོག་ལྔ་ལྡན་ཨཱོྃ་ཞིག་ལ།  བསྙེན་སྔགས་འབྲུ་བརྒྱད་གཡས་སུ་འཁོར།  ཡུམ་གྱི་ཐུགས་ཀར་པད་མའི་སྟེང།  ཉི་མའི་གདན་ལ་མ་ཞིག་བསྐྱེད། བསྙེན་སྔགས་འབྲུ་བརྒྱད་གཡོན་དུ་འཁོར།  ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།  ཞེས་པ་སྔགས་ལས་འོད་ཟེར་འཕྲོས།  ཡབ་ཡུམ་ཐུགས་ཀར་ལུ་གུ་རྒྱུད། ཡར་འཕྲོས་བདེར་གཤེགས་ཐུགས་དམ་བསྐངས། ཕར་འཕྲོས་འདུལ་དྲུག་ཐུགས་ཀར་ཐིམ།  འདུལ་དྲུག་ཐུགས་ཀར་འོད་ཟེར་འཕྲོས། རིགས་དྲུག་ཞིང་ཁམས་སྣོད་བཅུད་སྦྱངས།  ཐམས་ཅད་སྙིང་པོའི་སྒྲ་དབྱངས་སྒྲོགས།  གཟུགས་སྣང་ཐམས་ཅད་བདེར་གཤེགས་སྐུ།  གྲགས་ཚད་ཐམས་ཅད་སྙིང་པོའི་སྒྲ།  དྲན་རྟོག་ཐམས་ཅད་བདེར་གཤེགས་ཐུགས།  དེ་ནས་འོད་ཟེར་མདུན་དུ་འཕྲོས། བུམ་པ་དཀྱིལ་འཁོར་ལྷ་ལ་ཕོག།  འོད་ཟེར་ཉག་ཐག་ལུ་གུ་རྒྱུད།  ཡར་འཕྲོས་བདེར་གཤེགས་ཐུགས་དམ་བསྐུལ།  བྱིན་རླབས་འོད་ཟེར་བདག་ལ་ཐིམ།  ཕར་འཕྲོས་གནམ་རི་ས་བྲག་དང།  སྣོད་བཅུད་ལྷ་དང་ལྷ་མོར་གྱུར།  འཛབ་དང་སྙིང་པོའི་སྒྲ་དབྱངས་སྒྲོགས།  མར་འཕྲོས་ངན་སོང་གནས་སྟོང་ནས།  ཐམས་ཅད་བདེ་ལ་འཁོད་པར་བསམ།  དེ་ལྟར་བསྐྱེད་ཅིང་སྙམས་པའི་ངང་ནས།  ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཞེས་དུས་གསུམ་དུས་དྲུག་ནང་ནུབ་ལྕི་ལྕོག་ལ་ཆགས་མེད་བགྲང་དགོས།

མ་ཏྲིའི་འཛབ་བསྟོད་ནི།
ཨཱོྃ་རིན་ཆེན་མཛེས་པའི་ཕོ་བྲང་གི། ཉི་ཟླ་པད་མའི་གདན་སྟེང་ན། རྒྱལ་བ་ཡབ་ཡུམ་གཙོ་འཁོར་ལ།  འཛབ་དང་སྙིང་པོའི་མཆོད་པ་འབུལ། ཐུགས་རྗེ་དགོངས་ལ་བཞེས་སུ་གསོལ། བདག་དང་མཐའ་ཡས་སེམས་ཅན་གྱི།  བག་ཆགས་སྒྲིབ་པ་བྱང་བར་མཛོད།  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།  ཨཱོྃ་ནི་རྒྱལ་བ་ཡབ་ཀྱི་མཁའ།  མ་ནི་བ་ག་ཡུམ་གྱི་ཀློང།  ཏྲི་ནི་མུ་ཆོ་ལྡེམ་དྲུག་སྐུ། ཚ་གྲང་དམྱལ་བའི་སྡུག་བསྔལ་སྐྱོབས། མུ་ནི་གསང་བ་ངང་རིང་སྐུ  བཀྲེས་སྐོམ་ཡི་དྭགས་དབུལ་འཕོངས་སེལ།  ཡེ་ནི་ཏི་སངས་རང་ཞིའི་སྐུ།  བྱོན་སོང་གླེན་ལྐུགས་མུན་པ་འཇོམས།  ས་ནི་གྲ་བྱིན་དོན་སྤུངས་རྗེ།  བྲེལ་འཕོངས་མི་ཡི་འདོད་པ་སྐོང།  ལེ་ནི་ལྕེ་རྒྱལ་བར་ཏིའི་སྐུ།  འཐབ་རྩོད་ལྷ་མིན་བཙོན་ར་བཤིག། འདུ་ནི་ཡེ་གཤེན་གཙུག་ཕུད་སྐུ།  ལེ་ལོ་ཕམ་ལྟུང་བརྩོན་འགྲུས་བསྐྱེད།  འོད་ཟེར་ཕར་འཕྲོས་ཚུལ་འདུས་པས།  བདག་དང་གཞན་གྱི་སྒྲིབ་པ་སྦྱངས། འོད་ཀྱི་ཉག་ཐག་ལུ་གུ་རྒྱུད།  བདེར་གཤེགས་གཙོ་འཁོར་རྣམས་ལ་འབུལ། བྱིན་གྱིས་རློབས་ལ་བཞེས་སུ་གསོལ།  རིགས་དྲུག་འཁོར་བའི་གནས་སྟོངས་ནས།  ཐར་པ་མངོན་སངས་རྒྱས་པར་ཤོག།  ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།
གསང་བ་འདུས་པའི་ཐུགས་འཛབ་མ་ཏྲིའི་འབྲུ་བརྒྱད་ཀྱི་གོ་དོན།
ཨཱོྃ་ནི་སྤྱིར་སྐུ་ལྔ་དང་ཡེ་ཤེས་ལྔ་ཡི་མཚོན་བྱེད་དང་ས་བོན་དུ་རུང་ཡང།  འོན་ཀྱང་སྐབས་འདིར་བཟླས་ཆོག་རིན་ཆེན་སྒྲོན་མེའི་གཞུང་ལས།  ཨཱོྃ་ནི་བདག་ཉིད་སྟོན་པའི་སྐུ། ཐབས་མཁས་ཐུགས་རྗེའི་འགྲོ་བ་འདུལ།  ཐམས་ཅད་ཀུན་གྱི་ཡབ་གཅིག་པོ། ཞེས་གསུངས་པ་ལྟར་ན།  གཙོ་བོ་ཐབས་ཀྱི་ཆ་ནས་རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་མཚོན་བྱེད་དམ་ཡང་ན་དེ་ཉིད་ཀྱི་ས་བོན་ཡིན་པར་གསལ་ལོ།  སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན།  རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཆ་ལུགས་ཀྱི་རྣམ་པར་བཞེངས་པ་སྟེ།  སྐུ་མདོག་མུ་མེན་དྭངས་པའི་མདངས་དང་ལྡན་ཞིང་དབུ་ལ་རིན་ཆེན་མཛེས་པའི་དབུ་རྒྱན་དང།   སྙན་ཆ་མགུར་ཆུ་དང་སེ་མོ་དོ། ཕྱག་གདུབ་དང་ཞབས་གདུབ་ཀྱིས་བརྒྱན་པ་ལ།  ཕྱག་གཡས་པས་གསེར་གྱིས་ཕྱག་ཤིང་དང། གཡོན་པའི་ཕྱག་རྒྱ་མཉམ་པར་བཞག་པའི་ཚུལ་གྱིས་གནས་པ་ཡིན།   མ་ནི་སྤྱིར་མཁའ་འགྲོ་མོ་རྒྱུད་རྣམས་ཀྱི་མཚོན་བྱེད་དང་ས་བོན་དུ་རུང་ཡང།  འོན་ཀྱང་སྐབས་འདིར་བཟླས་ཆོོག་རིན་ཆེན་སྒྲོན་མེའི་གཞུང་ལས།  མ་ནི་ཐུགས་རྗེས་བྱམས་མ་ཉིད།  ཀུན་འབྱུང་བ་ག་ཡུམ་གྱི་ཀློང།  ཐམས་ཅད་མཁྱེན་པའི་གཞི་མའོ།  ཞེས་གསུངས་པ་ལྟར་ན། གཙོ་བོ་ཤེས་རབ་ཀྱི་ཆ་ནས་ཡུམ་ཆེན་ཐུགས་རྗེ་བྱམས་མ་དེ་ཉིད་ཀྱི་མཚོན་བྱེད་དམ་ཡང་ན་དེ་ཉིད་ཀྱི་ས་བོན་ཡིན་པར་བསྟན་པ་ཡིན།  སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན།  སྐུ་མདོག་དམར་མོ་བྱུ་རུའི་མདངས་དང་ལྡན་པ་ལ། དབུ་ལ་རིན་ཆེན་མཛེས་པའི་རྒྱན་གྱིས་རྣམ་པར་མཛེས་པ།  ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་པས་བདུད་རྩིའི་བུམ་པ་ཕྱག་ཏུ་བསྣམས་ཤིང་།  འགྲོ་བ་སེམས་ཅན་གསོ་བའི་ཚུལ་དུ་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་ཞིང་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་བཞུགས་པའོ།  ཏྲི་ནི་སྤྱིར་རིགས་དྲུག་གི་ནང་ནས་ཡི་དགས་ཀྱི་ས་བོན་འདོད་ཆགས་སོགས་ལ་གོ་བའི་སྐབས་ཤིག་སྲིད་ན་ཡང།   འོན་ཀྱང་སྐབས་འདིར་བཟླས་ཆོག་རིན་ཆེན་སྒྲོན་མེའི་གཞུང་ལས།  ཏྲི་ནི་མུ་ཆོ་ལྡེམ་དྲུག་སྐུ།  བྱམས་པ་ཆེན་པོས་ཚ་གྲང་སྐྱོབས།  དམྱལ་བའི་གྲོང་ཁྱེར་འདུལ་བར་མཛད། ཞེ་སྡང་བྱམས་པའི་ཀློང་དུ་བསྟིམས།   ཞེས་གསུངས་པ་ལྟར་ན།  དམྱལ་བའི་འདུལ་གཤེན་མུ་ཆོ་ལྡེམ་དྲུག་མཚོན་བྱེད་དམ་ཡང་ན་དེ་ཡི་ས་བོན་ཡིན་པར་གསལ་བར་བསྟན་པ་ཡིན།  སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན།  སྐུ་མདོག་སྔོ་དམར་མེ་ཆུའི་མདོག་དང་འདྲ་བ་ལ་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་པ་སྟེ།  དབུ་ལ་རིན་པོ་ཆེའི་ཐོད་ལྡིང་དང་སྐུ་ལ་ཆུ་རླུང་དཔྱང་བུ་གསོལ་ཞིང་། ཕྱག་མཚན་གཡས་ན་མེ་ཆུའི་རྒྱལ་མཚན་བསྣམས་པའོ།  སྦྱང་བྱའི་དབང་དུ་བྱས་ན་དམྱལ་བའི་ས་བོན་ཞེ་སྡང་དང།  སྦྱོང་བྱེད་ཀྱི་དབང་དུ་བྱས་ན་སྦྱོང་བྱེད་ཀྱི་ས་བོན་ཏྲི་དང།  རྩལ་ཤར་གྱི་དབང་དུ་བྱས་ན།  ཕྱི་ལྟར་ན་དམྱལ་ཁམས་འདུལ་གཤེན་མུ་ཆོ་ལྡེམ་དྲུག། ནང་ལྟར་ན་ཞེ་སྡང་འཇོམས་བྱེད་བྱམས་པ་ཆེན་པོའི་སྟོབས་མཆོག་གོ།

མུ་ཆོ་ལྡེམ་དྲུག་ཅེས་པའི་མཚན་གྱི་འབྲུ་བཤད་ལ་མཛད་མདོ་འབྲིང་པོ་ལས་གསལ་བ་ལྟར་ན།  སྲིད་པ་མུ་མེད་པའི་བོན་ལ་མཁས་པ། བསྐལ་པ་གྲངས་མེད་པའི་ཆོ་རབ་ཤེས་པ།  ཕྱག་ན་དུང་གི་ལྡེམ་ཤིང་བསྣམས་ཤིང།  མངོན་པར་ཤེས་པ་དྲུག་གི་རྩལ་དང་ལྡན་པས་ན་དེ་ལྟར་མཚན་གྱི་ཅོད་པཎ་འདོགས་པ་ཡིན་པར་གསུངས་སོ། མུ་ནི་སྤྱིར་མཐའ་དང་ཀློང་དང་ནམ་མཁའ་སོགས་ལ་འཇུག་པའི་སྐབས་དུ་མ་མཆིས་ན་ཡང། འོན་ཀྱང་སྐབས་འདིར་བཟླས་ཆོག་རིན་ཆེན་སྒྲོན་མེའི་གཞུང་ལས།  མུ་ནི་གསང་བ་ངང་རིང་སྐུ།  སྦྱིན་པ་ཆེན་པོས་བཀྲེས་སྐོམ་ཚིམ། ཡི་དྭགས་གྲོང་ཁྱེར་འདུལ་བར་མཛད། འདོད་ཆགས་སྦྱིན་པའི་ཀློང་དུ་བསྟིམས།  ཞེས་གསུངས་པ་ལྟར་ན།  ཡི་དྭགས་ཀྱི་འདུལ་གཤེན་གསང་བ་ངང་རིང་མཚོན་བྱེད་དམ་ཡང་ན་དེ་ཉིད་ཀྱི་ས་བོན་ཡིན་པར་གསལ་བར་གསུངས་པ་ཡིན། སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན།  སྐུ་མདོག་དམར་ལ་ཞི་རྒྱན་བཅུ་གསུམ་དང་ལྡན་པ་སྟེ། དབུ་ལ་རིན་ཆེན་གྱི་རྒྱན་ཆ་དང་སྐུ་ལ་ཆུ་དར་གྱི་ན་བཟའ།   ཕྱག་མཚན་གཡས་ན་བདུད་རྩིའི་བུམ་པ་བསྣམས་ཤིང་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་ཅན་དུ་བཞུགས་སོ། སྦྱང་བྱའི་དབང་དུ་བྱས་ན། ཡི་དྭགས་ཀྱི་ས་བོན་འདོད་ཆགས་དང།  སྦྱོང་བྱེད་ཀྱི་དབང་དུ་བྱས་ན།  སྦྱོང་བྱེད་ཀྱི་ས་བོན་མུ་དང།  རྩལ་ཤར་གྱི་དབང་དུ་བྱས་ན།  ཕྱི་ལྟར་ན་ཡི་དྭགས་འདུལ་གཤེན་གསང་བ་ངང་རིང་དང།   ནང་ལྟར་ན་སེར་སྣ་འཇོམས་བྱེད་སྦྱིན་པ་ཆེན་པོའི་སྟོབས་མཆོག་གོ།  ཡེ་ནི་སྤྱིར་ཡེ་ཐོག་མ་མེད་པ་ནས་སོགས་དུས་ཀྱི་སྐབས་སོགས་ལ་འཇུག་པ་ཡོད་ཀྱང།  འོན་ཀྱང་སྐབས་འདིར་བཟླས་ཆོག་རིན་ཆེན་སྒྲོན་མེའི་གཞུང་ལས།  ཡེ་ནི་ཏི་སངས་རང་ཞིའི་སྐུ། ཡེ་ཤེས་ཆེན་པོས་གླེན་ལྐུགས་སེལ། བྱོལ་སོང་གྲོང་ཁྱེར་འདུལ་བར་མཛད།  གཏི་མུག་ཡེ་ཤེས་ཀློང་དུ་སྟིམ།  ཞེས་གསུངས་པ་ལྟར་ན།

བྱོལ་སོང་འདུལ་གཤེན་ཏི་སངས་རང་ཞི་མཚོན་བྱེད་དམ་ཡང་ན་དེ་ཉིད་ཀྱི་ས་བོན་མཚོན་པ་ཡིན།  སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན།  སྐུ་མདོག་སྔོན་པོ་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་པ་ལ།  དབུ་ལ་རིན་པོ་ཆེ་ཡི་པྲོག་ཞུ་དང།  སྐུ་ལ་ལེབ་བརྒན་གྱི་རལ་ག་གསོལ་བ།  ཕྱག་མཚན་གཡས་ན་ཡེ་ཤེས་ཀྱི་སྒྲོན་མེ་འདེགས་ཤིང་རྒྱལ་བ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་རྣམ་པར་བཞུགས་པའོ།  སྦྱང་བྱའི་དབང་བྱས་ན།  བྱོལ་སོང་གི་ས་བོན་གཏི་མུག་དང།  སྦྱོང་བྱེད་ཀྱི་དབང་དུ་བྱས་ན། སྦྱོང་བྱེད་ཀྱི་ས་བོན་ཡེ་དང།  རྩལ་ཤར་གྱི་དབང་དུ་བྱས་ན།  ཕྱི་ལྟར་ན་བྱོལ་སོང་འདུལ་གཤེན་ཏི་སང་རང་ཞི་དང།  ནང་ལྟར་ན་གཏི་མུག་འཇོམས་བྱེད་ཡེ་ཤེས་ཆེན་པོའི་སྟོབས་མཆོག་གོ།  ས་ནི་སྤྱིར་བཅུད་སོགས་ཀྱི་རྟེན་གཞི་ལ་གོ་ཞིང་འཇུག་པ་ཡོད་ཀྱང།   འོན་ཀྱང་སྐབས་འདིར་བཟླས་ཆོག་རིན་ཆེན་སྒྲོན་མེའི་གཞུང་ལས།  ས་ནི་གྲ་བྱིན་སྤུངས་པའི་སྐུ།  ཡངས་པ་ཆེན་པོས་ཕྲག་དོག་འདུལ། མིའི་གྲོང་ཁྱེར་འདུལ་བར་མཛད།  ཕྲག་དོག་ཡངས་པའི་ཀློང་དུ་བསྟིམས།  ཞེས་གསུངས་པ་ལྟར་ན།  མཐའ་འཁོབ་མི་ཡི་འདུལ་གཤེན་གྲ་བྱིན་སྤུངས་པ་མཚོན་བྱེད་དམ་ཡང་ན་དེ་ཡི་ས་བོན་མཚོན་པ་ཡིན།  སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན།  སྐུ་མདོག་གསེར་འོད་འབར་བ་ལ་ཞི་རྒྱན་བཅུ་གསུམ་གྱིས་རྣམ་པར་མཛེས་ཤིང།  དབུ་ལ་རིན་པོ་ཆེ་ཡི་ཐོད་ལྡིང་དང་སྐུ་ལ་གཞའ་ཚོན་གྱི་ན་བཟའ་གསོལ་བ།  ཕྱག་མཚན་གཡས་ན་གསེར་གྱི་ཕྱག་ཤིང་བསྣམས་ཏེ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཆ་བྱད་དུ་བཞུགས་སོ།  སྦྱང་བྱའི་དབང་དུ་བྱས་ན།  མཐའ་འཁོབ་མི་ཡི་ས་བོན་ཕྲག་དོག་དང།  སྦྱོང་བྱེད་ཀྱི་དབང་དུ་བྱས་ན། སྦྱོང་བྱེད་ཀྱི་ས་བོན་ས་དང། རྩལ་ཤར་གྱི་དབང་དུ་བྱས་ན།  ཕྱི་ལྟར་ན་མཐའ་འཁོབ་མི་ཡི་འདུལ་གཤེན་གྲ་བྱིན་སྤུངས་པ་དང།  ནང་ལྟར་ན་ཕྲག་དོག་འཇོམས་བྱེད་ཡངས་པ་ཆེན་པོའི་སྟོབས་མཆོག་གོ།  ལེ་ནི་སྤྱིར་ས་ལེ་མ་ལེ་ཡ་ལེ་སོགས་སྐབས་ཐོབ་ཀྱི་རྣམ་གྲངས་དང་གོ་རྒྱུ་སོགས་མཐའ་ཡས་ཀྱང།   འོན་ཀྱང་སྐབས་འདིར་བཟླས་ཆོག་རིན་ཆེན་སྒྲོན་མེའི་གཞུང་ལས།  ལེ་ནི་ལྕེ་རྒྱལ་བར་ཏིའི་སྐུ   ཞི་བ་ཆེན་པོས་ང་རྒྱལ་འཇོམས།  ལྷ་མིན་གྲོང་ཁྱེར་འདུལ་བར་མཛད། ང་རྒྱལ་ཞི་བའི་ཀློང་དུ་བསྟིམས།  ཞེས་གསུངས་པ་ལྟར་ན།  ལྷ་མིན་འདུལ་གཤེན་ལྕེ་རྒྱལ་བར་ཏི་མཚོན་བྱེད་དམ་ཡང་ན་དེ་ཡི་ས་བོན་བསྟན་པ་ཡིན། སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན། སྐུ་མདོག་སྔོ་སྐྱ་འཚེར་བ་ལ་ཞི་རྒྱན་བཅུ་གསུམ་གྱིས་རྣམ་པར་མཛེས་ཤིང།  དབུ་ལ་རིན་པོ་ཆེ་ཡི་པྲོག་ཞུ་དང་སྐུ་ལ་གསེར་གྱི་ཁྲབ་མོ་མནབས་པ།  ཕྱག་མཚན་གཡས་ན་དབལ་གྱི་ཤང་ལང་བསྣམས་ཏེ་རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སུ་བཞུགས་པའོ།  སྦྱང་བྱའི་དབང་དུ་བྱས་ན།  ལྷ་མིན་གྱི་ས་བོན་ང་རྒྱལ་དང།  སྦྱོང་བྱེད་ཀྱི་དབང་དུ་བྱས་ན།  སྦྱོང་བྱེད་ཀྱི་ས་བོན་ལེ་དང།  རྩལ་ཤར་གྱི་དབང་དུ་བྱས་ན། ཕྱི་ལྟར་ན་འཐབ་རྩོད་ལྷ་མིན་འདུལ་གཤེན་ལྕེ་རྒྱལ་བར་ཏི་དང།  ནང་ལྟར་ན་ང་རྒྱལ་འཇོམས་བྱེད་ཞི་བ་ཆེན་པོའི་སྟོབས་མཆོག་གོ། འདུ་ནི་སྤྱིར་རང་བཞིན་གྱིས་འདུ་བ་སོགས་བྱེད་མེད་ལས་ཚིག་དང་འབྲེལ་ནས་གོ་རྒྱུ་མཆིས་ཀྱང།  འོན་ཀྱང་སྐབས་འདིར་བཟླས་ཆོག་རིན་ཆེན་སྒྲོན་མེའི་གཞུང་ལས།  འདུ་ནི་ཡེ་གཤེན་གཙུག་ཕུད་སྐུ།  བརྩོན་འགྲུས་ཆེན་པོས་ལེ་ལོ་འདུལ། ལྷའི་གྲོང་ཁྱེར་འདུལ་བར་མཛད།  ལེ་ལོ་བརྩོན་འགྲུས་ཀློང་དུ་བསྟིམས།   ཞེས་གསུངས་པ་ལྟར་ན། ལྷ་ཁམས་འདུལ་གཤེན་ཡེ་གཤེན་གཙུག་ཕུད་མཚོན་བྱེད་དམ་ཡང་ན་དེ་ཉིད་ཀྱི་ས་བོན་བསྟན་པ་ཡིན།  སྐུ་མདོག་ཕྱག་མཚན་གྱི་དབང་དུ་བྱས་ན།  སྐུ་མདོག་དཀར་པོ་འོད་ཟེར་འབར་བ་ལ་ཞི་རྒྱན་བཅུ་གསུམ་གྱིས་རྣམ་པར་མཛེས་ཤིང།  དབུ་ལ་རིན་པོ་ཆེ་ཡི་ཐོད་ལྡིང་དང།  སྐུ་ལ་འོད་ཀྱི་ན་བཟའ་གསོལ་བ།  ཕྱག་མཚན་གཡས་ན་ཨུད་འབར་མེ་ཏོག་བསྣམས་ཏེ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་བཞུགས་པའོ།  སྦྱང་བྱའི་དབང་དུ་བྱས་ན།  ཕམ་ལྟུང་ལེ་ལོའི་སྡུག་བསྔལ་དང།   སྦྱོང་བྱེད་ཀྱི་དབང་དུ་བྱས་ན། སྦྱོང་བྱེད་ཀྱི་ས་བོན་འདུ་དང།  རྩལ་ཤར་གྱི་དབང་དུ་བྱས་ན།  ཕྱི་ལྟར་ན་ལྷ་ཁམས་འདུལ་གཤེན་ཡེ་གཤེན་གཙུག་ཕུད་དང། ནང་ལྟར་ན་ལེ་ལོ་འཇོམས་བྱེད་བརྩོན་འགྲུས་ཆེན་པོའི་སྟོབས་མཆོག་གོ།

གཞན་ཡང་ཨྰོྃ་ཁ་དོག་ལྔ་དང་ལྡན་པར་བཀོད་དགོས་པ་མདོ་སྡེ་རིན་ཆེན་སྒྲོན་མེའི་གཞུང་ལས་གསུངས་ན་ཡང།   ཡེ་ཤེས་ལྔ་དང་སྦྱར་ནས་ཁ་དོག་གི་ངོས་འཛིན་གནང་སྟངས་ལ།   སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་ཀྱི་ལུགས་དང།  ཁྲོ་རྒྱུད་ལྟ་བ་ཁྱུང་ཆེན་གྱི་ལུགས་གཉིས་སུ་ཡོད་པས།  སྙན་རྒྱུད་མན་ངག་ལེའུ་བཅུ་གཉིས་པའི་དགོངས་དོན་དང་བསྟུན་ནས་འཆད་ན།     ཨ་སྟོང་ཉིད་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་དཀར་པོ་དང།  ན་རོ་མེ་ལོང་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་སེར་པོ།  ཟླ་ཚེས་སོར་རྟོགས་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་དམར་པོ།  མ་ཐིག་མཉམ་པ་ཉིད་ཀྱི་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་ལྗང་ཁུ།  འ་ཆུང་བྱ་གྲུབ་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་སྔོན་པོའོ། དེ་དག་ནི་སྙན་རྒྱུད་ཀྱི་དགོངས་དོན་ལྟར་ཡེ་ཤེས་ལྔ་དང་སྦྱར་ནས་ཨཱོཾ་ཁ་དོག་ལྔ་ལྡན་གྱི་མཚོན་དོན་མདོར་ཙམ་མོ།   ཁྲོ་རྒྱུད་ལྟ་བ་ཁྱུང་ཆེན་གྱི་དགོངས་དོན་ལྟར་ན།  ཨ་སྟོང་ཉིད་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་སྔོན་པོ།  ན་རོ་མེ་ལོང་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་དཀར་པོ།  ཟླ་ཚེས་སོར་རྟོགས་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་དམར་པོ།  མ་ཐིག་མཉམ་པ་ཉིད་ཀྱི་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་སེར་པོ། འ་ཆུང་བྱ་གྲུབ་ཡེ་ཤེས་མཚོན་བྱེད་དུ་ཁ་དོག་ལྗང་ཁུ་བཅས་བཀོད་དགོས་པར་སྣང་ངོ།   མ་ཡུམ་ཆེན་ཐུགས་རྗེ་བྱམས་པ་མཚོན་བྱེད་དུ་ཁ་དོག་དམར་པོ།  ཏྲི་དམྱལ་ཁམས་འདུལ་གཤེན་མུ་ཆོ་ལྡེམ་དྲུག་མཚོན་བྱེད་དུ་ཁ་དོག་སྔོ་དམར།  མུ་ཡི་དྭགས་འདུལ་གཤེན་གསང་བ་ངང་རིང་མཚོན་བྱེད་དུ་ཁ་དོག་དམར་སྐྱ།  ཡེ་བྱོལ་སོང་འདུལ་གཤེན་ཏི་སང་རང་ཞི་མཚོན་བྱེད་དུ་ཁ་དོག་སྔོ་ལྗང།  ས་མི་ཡི་འདུལ་གཤེན་གྲ་བྱིན་སྤུངས་པ་མཚོན་བྱེད་དུ་ཁ་དོག་སེར་པོ།  ལེ་ལྷ་མིན་འདུལ་གཤེན་ལྕེ་རྒྱལ་བར་ཏི་མཚོན་བྱེད་དུ་ཁ་དོག་སྔོ་སྐྱ།  འདུ་ལྷ་ཡི་འདུལ་གཤེན་ཡེ་གཤེན་གཙུག་ཕུད་མཚོན་བྱེད་དུ་ཁ་དོག་དཀར་པོ་བཅས་བྱེད་པ་ཡང་མདོ་སྡེ་རིན་པོ་ཆེ་ཡི་རྒྱུད་དོན་ལྟར་རང་གི་རིག་པས་དཔྱད་ནས་བཀོད་པའི་ཁུལ་བྱས་པ་ཡིན།  ལམ་སྟོན་མཐུན་འགྱུར་གནང་མཁན་རང་གི་རྩ་བའི་བླ་མ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ཡི་སྐུ་མདུན་ནས་གདམས་པའི་བཅུད་འདི་རྣམས་མང་དུ་ཐོས་ཤིང། ཐོས་དོན་ཆུད་མི་ཟ་བའི་ཕྱིར་སྨན་རིའི་བཤད་སྒྲུབ་མཁན་མིང་འཛིན་པ་ཉི་མ་དོན་འགྲུབ་ཏུ་འབོད་པས།  རང་འདྲའི་ཤེས་འདོད་དོན་གཉེར་ཅན་རྣམས་ཀྱི་གསོས་སུ་ཕྱི་ལོ་༢༠༡༤ཕྱི་ཟླ་༠༤ཕྱི་ཚེས་༡༨རེ་གཟའ་པ་སངས་ཉིན་མཇུག་ཡོངས་སུ་གྲུབ་ཅིང་ཡི་གེར་བཀོད་པའི་ངལ་བ་བྱས་པ་ལགས་སོ། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow