གཡུང་དྲུང་བོན་གྱི་དྲྭ་རྒྱ།

བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་གཉིས་ཀྱི་ཐིག་རྩ་དང་བཀོད་གནས་རང་གྲུབ་བཞུགས་སོ།

གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །བསྟན་དང་འགྲོ་ལ་ཕན་གདག་ཕྱིར། །སྐུ་གདུང་བཀོད་ལེགས་ཆགས་ཚད་བྲིས། །གཤེན་རབ་སྐུ་ཡི་ཚད་བཞེངས་པ། །བོན་ཉིད་ནམ་མཁའ་དབྱིངས་སུ་ཟླུམ་ཅེས་པས། །རྨེང་ནི་ནམ་མཁའི་དཀྱིལ་འཁོར་ཏེ། །ཟླུམ་པོ་ཡིན་པར་གསུངས་པའོ། །ཁྲུ་གང་ཞབས་སུ་རྨེང་གཞི་བཞག་ཅེས་པ་ནི། །ས་འོག་ཏུ་ཁྲུ་གང་སོགས་རྐོ་བའོ། །ཡར་ཀྱང་ཁྲུ་ཕྱེད་འཕགས་ཅེས་པ་ནི། །ཁྲུ་ཕྱེད་ལོག་ཆེ་ཆུང་གང་བཞེངས་དང་བསྟུན་པའོ། །དེའི་མཐར་ནས་ཀྱང་ཁྲུ་ཕྱེད་མཐོ་ཕྱེད་ལོག་ཆེ་ཆུང་གང་བཞེངས་དང་བསྟུན་པར་ནང་དུ་བསྐོར་ཏེ། །དེ་ནི་ད་ལྟ་བོད་ན་མ་དར་བའོ། །
གྲུ་བཞི་བཅད་ལ་ཐིག་གདབ་ཅེས་པ། །སྐོར་བའམ་མཚམས་བཞིའི་ཁྲི་འཕང་ལྔ་རྔམ་ཚད་ནི། །ཕྱོགས་ཀྱི་ཞིང་ནི་བཞི་ཆ་སྟེ། །དཔེར་ན་ཕྱོགས་མཚམས་བྱེད་པ་བཞི་ཡོད་ན། །མཐོ་དམན་ལ་འདོམ་གང་བྱེད་པའོ། །མེ་ཆུ་ས་རླུང་ཤར་ཕྱོགས་ཞིང་ཐིག་བཞིར་གདབ། །ཆ་དེའི་ཁྲི་འཕང་རྔམ་དུ་བསྟན་གསུངས་པའོ། །ཁྲི་འཕང་རྔམ་ནི་བཞི་ཀ་མཉམ་པའོ། །ཞིང་ཕྱེད་ནི་རྔམ་ཚད་གསུམ་གཉིས་བྱ། །དཔེར་ན་མཐོ་དམན་མཐོ་གསུམ་བྱུང་ན་ཞིང་ལ་ཐོ་དོ་རེ། །དེ་བཞིན་དགོས་པ་ནི་ཁྲི་འཕང་རེ་རེའི་ཚད་དེ། །རྔམ་ཚད་ཀྱི་གསུམ་གཉིས་ནང་དུ་བཅུམ་གསུངས་སོ། །

རི་རབ་ཀྱི་རྔམ་ཚད་ནི་ཁྲི་འཕང་དེ་བཞིན་གཉིས་བལྟབ་རྔམ་གསུངས་སོ། །ཁྲི་འཕང་གཉིས་པ་དང་བང་རིམ་དང་པོ་ཕྱིར་བསྐྱེད་པ་མེས་ཁྲི་འཕང་ནོན་པར་སྟོན་གསུངས་སོ། །བང་རིམ་གྱི་ཞིང་ཚད་ནི་རྔམ་ཚད་གང་དག་གསུམ་གཉིས་ཏེ། །བང་རིམ་རྔམ་གྱི་གསུམ་གཉིས་རེ་བཅུམ་ཅེས་གསུངས་སོ། །དེ་བཞིར་དགོས་པ་ནི་བང་རིམ་རེ་རེའི་ཞིང་ཚད་དོ། །མགུལ་ཆུའི་རྔམ་ཞིང་ནི་བང་རིམ་གཅིག་གི་ཚད་གསུངས་སོ། །བང་རིམ་བཞིའི་རྔམ་དང་བུམ་པའི་རྔམ་ནི་རི་རབ་ཀྱི་རྔམ་དང་མཉམ་སྟེ། །རི་རབ་བུམ་པ་བང་རིམ་རྔམ། །ཆག་ཚད་གཅིག་ཏུ་སྟོན་པ་ཡིན་གསུངས་སོ། །བང་རིམ་གསུམ་པ་དང་བུམ་པའི་ཁ་ཁྱེར་ཕྱིར་འཕར་བ་ལ་མཉམ་དགོས་ཏེ། །བུམ་པའི་ཁ་ཁྱེར་བསྐྱེད་པའི་བང་རིམ་གསུམ་པ་ནོན་པར་སྟོན་གསུངས་སོ། །

བྲེ་ཡི་རྔམ་དང་ཁྲི་འཕང་རྔམ་དུ་གསུངས་སོ། །བུམ་པའི་ཁ་ཁྱེར་འཕར་བའི་ཟུར་མཉམ་དགོས་ཏེ། བྲེ་ཡི་ཁ་ཁྱེར་བསྐྱེད་པ་ཡིས། བུམ་པའི་ཁ་ཁྱེར་ནོན་པར་སྟོན་གསུངས་སོ། །

སྲོག་ཤིང་རྔམ་ཚད་ནི། །འགུལ་ཆུའི་རྔམ་ཚད་དང་མཉམ་དགོས་ཏེ། །སྲོག་ཤིང་མགུལ་ཆུའི་རྔམ་དང་མཉམ་གསུངས་སོ། །འཁོར་ལོ་དང་པོ་ཕྱིར་ལ་འཕར་བ་དང༌། །བྲེ་ཡི་སྙིང་པོ་མཉམ་དགོས་ཏེ། །འོག་ཕྱོགས་འཁོར་ལོ་དང་པོ་ཡིས། །བྲེ་ཡི་སྙིང་པོ་ནོན་པར་སྟོན་གསུངས་སོ། །འཁོར་ལོ་བཅུ་གསུམ་ཀྱང་རྔམ་ནི་བྲེའི་ཚད་གསུམ་འགྱུར་ཏེ། །འཁོར་ལོ་བཅུ་གསུམ་རྔམ་ནི་བྲེ་དང་བུམ་པ་བསྡོམས་པར་མཉམ་གསུངས་སོ། །རྔམ་དང་བསྡུ་ཚུལ་ནི་མཁས་པའི་བློ་དང་བཟོ་མཁན་ལ་ལྟོས་པའོ། ཆར་ཁེབ་ཕྱིར་འཕར་དང་འཁོར་ལོ་འོག་མ་མཉམ་དགོས་ཏེ། །ཆར་ཁེབ་འཁོར་ལོ་དང་པོ་ནོན། རྔམ་ཚད་ནི་སྲོག་ཤིང་གི་རྔམ་ཚད་དང་མཉམ་སྟེ། །རྔམ་ནི་སྲོག་ཤིང་ཚད་དང་མཉམ་གསུངས་སོ། །

ཏོག་དང་བྱ་རུ་ལ་རྔམ་དུ་ཁྲི་འཕང་གཉིས་ཀྱི་ཚད་དང་མཉམ། །བྱ་གྲི་ལ་ཡང་དེ་བཞིན་དེ། །ཏོག་དང་བྱ་རུ་བྱ་གྲི་རྣམས་ཁྲི་འཕང་གཉིས་ཀྱི་རྔམ་དང་མཉམ་གསུངས་སོ། །ཟ་ར་ཚག་དང་དར་དཔྱང་གི་ཚད་ལ་ངེས་པ་མི་འགྱུར་བ་ཆེ་ཆུང་མཐོ་དམན་ལ་སོགས་ལྟོས་པའོ། །སྤྱི་རྒྱུག་ཐིག་གི་རྩ་བའམ་རྨེང་གཞི་ཁྲུ་གང་ཟླུམ་པོའམ་གྲུ་བཞིར་བཅད། །རླུང་གི་ཁྲི་འཕང་གི་ལོག་གཅིག་གི་བཞི་ཆ་ལ་བཞིར་བགོས་པའི་ཁྲི་འཕང་བཞིའི་ཚད་ཡིན། །རྔམ་གྱི་གསུམ་གཉིས་སྟེང་གི་ཞེང་ཚད་ཡིན། །རི་རབ་རྔམ་ཁྲི་འཕང་གཉིས་ཚད། །མགྱོག་གི་ཚད་བང་རིམ་ཕྱེད། །རྒྱ་ནི་བང་རིམ་གཉིས་པ་མཉམ། །བང་རིམ་དང་པོ་གདོང་ཆེན་གྱི། །རྔམ་ནི་ཁྲི་འཕང་གསུམ་གཉིས་ཚད། །རྒྱ་ནི་ཁྲི་འཕང་བཅུའི་ཁྲི་འཕང་དང་མེ་ཡིས་ཁྲི་འཕང་དང་མཉམ་གསུངས་པའི་དོན་དེ་ཡིན་ནོ། །
བང་རིམ་གསུམ་པ་དང༌། །མགུལ་ཆུའི་རྔམ་ཚད་ཁྲི་འཕང་ཕྱེད་ཕྱེད་འོག་མེ་༼མས་༽ནས་ཡར་བརྩི་ལ། །ལྗང་དམར་སྔོ་སེར་བུམ་པའི་སྡེ་མན་ཁྲི་འཕང་གཉིས་ལ། །སྟེང་གི་འབུར་མ་གཅིག་རྒྱ་ཀུན་ལ་གཅིག་དྲིལ་བས་གསུམ། །བུམ་པའི་ལྡེར་མགུལ་ཆུ་དང་མཉམ། །ཁ་ཁྱེར་ཕྱེད་ནི་བང་རིམ་གསུམ་པ་ནོན། །བུམ་པའི་སྙིང་པོ་ཆ་བཞིར་བགོས་པའི་གཉིས་བྲེ་སྐེའི་ཞིང་ཚད་ཡིན། །བྲེ་ཡི་ཚད་མཛེས་བསྐྱེད་ཁ་ཁྱེར་ཕྱེད་ནས་ཟུར་གྱི་འབུར་བའི་སྙིང་པོ་ནོན། །བྲེ་སྐེའི་རྔམ་ཚད་ཁྲི་འཕང་གཅིག  །བྲེའི་རྔམ་ཚད་ཁྲི་འཕང་གཅིག  །རྒྱ་ཡང་བྲེ་སྐེ་ལས་དེ་ཙམ་བསྐྱེད། །འཁོར་ལོ་འོག་མ་བྲེ་སྐེའི་ཞིང་ཚད་གོང་མ་དེའི་ཆ་ཡིན། །མགྱོགས་ལས་ཆུང་ཞིག་༼ཞིང་༽ཆེ། །སྲོག་ཤིང་འཁོར་ལོ་འོག་མ་ལས་བང་རིམ་ཞེང་ཚད་ཙམ་གྱི་ཆུང༌། །སྲོག་ཤིང་རྔམ་ནི་བང་རིམ་ཚད། །གདུག་གི་ཞིང་ཚད་འཁོར་ལོ་འོག་མ་དང་མཉམ། །ཟ་ར་ཚག་མཛེས་ཚོན། །གདུགས་དཀར་བྱ་རུ་བྱ་གྲི་སྔོ། །ཏོག་སེར་ཁྲི་འཕང་འོག་མ་ནས་དཀར་ལྗང་དམར་སྔོ་སེར་པོ། །སྐུ་ཡི་བཀོད་གནས་སོ། །
སྐུ་ཡི་ཆགས་ཚད་རྟེན་བཀོད་པ། །གང་ཞིང་གཤེན་རབ་སྐུ་ཡི་ཚད་བཞེངས་པ། །ཡིད་འོང་ཉམས་དགའི་ཕྱོགས་སུ། །དཀར་སྣུམ་མཉེན་པའི་ས་གཞི་ལ་བོན་ཉིེད་རྣམ་དག་དབྱིངས་སུ་ཟླུམ། །ཁྲུ་གང་ཞབས་སུ་རྨེང་གཞི་བཞུགས། །ཡར་ཀྱང་ཁྲི་ཚད་འཕགས་པ་ལ། །གྲུ་བཞི་པ་ཐིག་བཏབ་པ་མེ་ཆུ་ས་རླུང་ཁྲི་འཕང་ནི། །ཤར་ཕྱོགས་ཞིང་ཐོག་བཞིར་བརྟབ་ཆ། །དེ་ནི་ཁྲི་འཕང་རྔམས་སུ་བསྟན། །རྔམ་གྱི་གསུམ་གཉིས་ནང་དུ་བཅུམ། །རི་རབ་གྲུ་འཕང་གཉིས་བརྟབ་རྔམ། །བང་རིམ་དང་པོ་ཕྱིར་སྐྱེད་ལ། །མེ་ཡི་༼མས་ཀྱི་༽ཁྲི་འཕང་ནོན་པར་རྟོགས། །བང་རིམ་གསུམ་གཉིས་ནང་དུ་བཅུམ། །མགུལ་ཆུ་བང་རིམ་གཅིག་གི་ཚད། །རི་རབ་བུམ་པ་བང་རིམ་རྔམ། །ཆག་ཚད་གཅིག་ཏུ་སྟོན་པ་ཡིན། །བུམ་པའི་ཁ་ཁྱེར་བསྐྱེད་པ་ཡི། །བང་རིམ་གསུམ་པ་ནོན་པར་སྟོན། །བྲེ་དང་ཁྲི་འཕང་རྔམས་སུ་མཉམ། །བྲེའི་ཁ་ཁྱེར་བསྐྱེད་པ་ཡི། །བུམ་པའི་ཁ་ཁྱེར་ནོན་པར་སྟོན། །སྲོག་ཤིང་མགུལ་ཆུའི་རྔམ་དང་མཉམ། །འོག་ཕྱོགས་འཁོར་ལོ་དང་པོ་ཡི། །བྲེ་ཡི་སྙིང་པོ་ནོན་པར་སྟོན། །འཁོར་ལོ་བཅུ་གསུམ་རྔམ་དང་ནི། །བྲེ་དང་བུམ་པ་གདབ་པར་མཉམ། །ཆར་ཁེབ་འཁོར་ལོ་དང་པོ་སྟོན། །རྔམ་ནི་སྲོག་ཤིང་ཚད་དང་མཉམ། །ཏོག་དང་བྱ་རུ་བྱ་གྲི་རྣམས། །ཁྲི་འཕང་གཉིས་ཀྱི་རྔམས་སུ་སྟོན། །དེ་ལྟར་བརྒྱ་དང་སུམ་ཅུ་དང༌། །བདུན་དང་གཅིག་གམ་གང་བཞེངས་པ། །དབུ་ཞབས་ཆག་ཚད་མཉམ་པ་སྟེ། །ཁྲི་དང་ཅོག་བར་སོ་སོར་འགྱུར། །གཤེན་རབ་སྐུ་ནི་མཉམ་བཞག་ནས། །སྐུ་ཡི་ཚད་དུ་སྦྱར་ཏེ་བཤད། །རྨེང་ནི་གཤེན་རབ་གདན་ཁྲི་སྟེ། །ཁྲི་འཕང་མཉམ་བཞག་ཞབས་ཀྱི་ཚད། །རི་རབ་གསང་བའི་སྦུ་གུ་ནས། །མཆན་གྲི་ཡོལ་བ་མན་ཆད་ཚད། །བང་རིམ་མཆན་གྲི་ཡོལ་བ་ནས། །ཐུགས་ཀྱི་དང་གོང་མན་ཆད་ཚད། །མགུལ་ཆུ་མགུལ་གྱི་སྲང་བྲང་ཚད། །བུམ་པ་གཤེན་རབ་དབུ་ཡི་ཚད། །བྲེ་ནི་དབུ་ཡི་གཙུག་གཏོར་ཚད། །སྲོག་ཤིང་དབང་གི་གཙུག་ཕུད་ཚད། །འཁོར་ལོ་དབུ་སྐྲ་ཐོན་མཐིང་འཁྱིལ། །ཆར་ཁེབ་དབུ་ཡི་གདུགས་ཁེབ་ཚད། །ཏོག་དང་བྱ་རུ་སྣང་བའི་འོད། །ཅོད་པཎ་ན་བཟའ་གུར་ཡོལ་ལ། །འོད་ཟེར་སྣ་ཚོགས་འཕྲོ་བའོ། །ཞེས་གསུངས་པས། དེ་ལ་གཤེན་ཁ་ཏེ་མུ་ཡ་ལ་སོགས་པའི་འཁོར་རྣམས་ངོ་མཚར་སྐྱེས་སྟེ་བསྟོད་པ། །ཨེ་མ་ངོ་མཚར་མཆོད་པའི་རྟེན། །རྒྱུ་ནི་འབྱུང་བ་ལྔ་ལས་བགྱིས། །བཞེངས་ནི་ལྷ་སྲིན་ཡོངས་ཀྱིས་བཞེངས། །ལས་དཔོན་སྲིད་པའི་རྒྱལ་པོས་མཛད། །སྐོས་ནི་སྒོམ་པོ་ཕྱྭ་ཡི་རྟེང༌། །བཟོ་ནི་རིག་པའི་རྒྱལ་པོས་མཛད། །སྐུ་ནི་བདེར་གཤེགས་ལྷ་ཡི་སྐུ། །ཚད་ནི་གཤེན་རབ་སྐུ་ཡི་ཚད། དངོས་སུ་སྟོན་པ་ངོ་མཚར་ཆེ། །འདི་དག་གཡུང་དྲུང་རྣམ་པར་དག་པའི་རྒྱུད་ལས་ཉེ་བར་བཏུས་སོ། །ནོངས་མཆིས་སྐྱབས་ཡུལ་ཉིད་ལ་བཤགས། །དགེ་བས་འགྲོ་ཀུན་གྲོལ་ཕྱིར་བསྔོ། །བྱིན་རླབས་ནམ་མཁའི་མཐའ་མཉམ་ཤོག །  །།

ཅེས་པའི་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བ་དགེ་ལེགས་འཕེལ།། ཐ་ཚན་མུ་ཙུག་སྨྲར་རོ།། བཀྲ་ཤིས་པར་གྱུར་ཅིག ། །།