གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་འཚོགས་པ།

IMG_0308དེ་ཡང་ཐོག་མར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་དགོངས་བཞེད་ལྟར་ཕྱི་ལོ་༢༠༠༠ ལོ་ནས་ཕྱོགས་མཐའི་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ལོ་རེར་བཞིན་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་གི་སྐོར་ལ་བགྲོ་གླེང་ཐེངས་རེ་འཚོགས་དབུ་བཙུགས་གནང་ཡོད་པ་བཞིན།
འདི་ལོའི་“གཡུང་དྲུང་བོན་གྱི་སྐོར་”བགྲོ་གླེང་ཐེངས་༡༣པ་ཕྱི་ལོ་༢༠༡༤་ཟླ་༦ ཚེས་༣ཉིན་ཧི་མ་ཅལ་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་བའི་༧གཡུང་དྲུང་བོན་གྱི་ གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་སྔོན་འགྲོའི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།IMG_0315

ཐེངས་འདིའི་སྔོན་འགྲོའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་༧སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག གཞན་ ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། བོན་གཞིས་ཐོབ་རྒྱལ་གསར་བའི་གཞིས་འགོ། བཤད་སྒྲུབ་སློབ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་རྣམ་པ་བཅས་ཆེད་དུ་མཛད་སྒོ་ལ་གདན་འདྲེན་ཞུས་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱང་ཚང་འཛོམས་ཐོག
དང་པོར་སྐབས་༡༣པའི་གཡུང་དྲུང་བོན་གྱི་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་མཆོག་ནས་བགྲོ་གླེང་གི་ངོ་སྤྲོད་གཏམ་བཤད་གནང་བ་དང་། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། གཞིས་དྲུང་སོགས་ཀྱིས་ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་གཏམ་བཤད་ཟབ་རྒྱས་གནང་། དེ་རྗེས༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་ཐོག་སོ་གསུམ་པ་མཆོག་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གནང་ཕྱོགས་ཐད་འདས་མ་ད་གསུམ་དང་འབྲེལ་བའི་བཀའ་སློབ་གནད་དུ་འཁེལ་བ་བཀའ་དྲིན་བསྩལ།
ཉིན་དེའི་ཕྱི་དྲོ་ཆུ་ཚོད་བཞི་པ་ནས་དངོས་གཞིའི་མཛད་རིམ་ཁག་དབུ་འཛུགས་ཀྱིས་ཉིན་རིམ་བཞིན་མཁས་དབང་གཟི་གཡང་ལགས་ནས་བོན་གྱི་ལོ་རྒྱུས་སྐོར་གྱི་ཡིག་ཆ་གལ་ཆེན་ཁག་གི་ངོ་སྤྲོད་དང་། ཨ་ཀྲོང་སེམས་དཔའ་རྒྱལ་མཚན་ལགས་ནས་ནང་པ་གཤེན་རབ་པ་དང་ཕྱི་རོལ་མུ་སྟེགས་པའི་ཁྱད་པར། དགེ་བཤེས་ཚུལ་ཁྲིམས་དབང་གྲགས་ལགས་ནས་བོན་ལུགས་ལྟར་གསོ་རིག་འབུམ་བཞིའི་བྱུང་ཁུངས་ལོ་རྒྱུས། མཁའ་སྣ་དགེ་བཤེས་ཟླ་བ་རྣམ་རྒྱལ་ལགས་ནས་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སྐོར། ཨཅཱརྱ་དོན་གྲུབ་དབང་འདུས་ནས་བོན་ཕྲུག་རྣམས་ཀྱི་མདུན་ལམ་དང་མ་འོངས་པའི་སློབ་གསོ། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་ནས་གཡུང་དྲུང་བོན་དང་འབྲེལ་བའི་བོད་ཀྱི་རྒྱལ་ཁྲིམས་ཁག་གི་བྱུང་བ་བརྗོད་པ་བཅས་གཡུང་དྲུང་བོན་དང་འབྲེལ་བའི་གོང་གི་བརྗོད་གཞི་ཁག་གི་སྐོར་ལ་ཉིན་དྲུག་ གི་རིང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
IMG_0320
དེ་ཡང་བགྲོ་གླེང་གི་སྐབས་སུ་གསུང་བཤད་མཁན་པོ་དག་གིས་སྐར་མ་ཞེ་ལྔའི་རིང་རང་རང་གི་བརྗོད་བྱའི་སྐོར་གསུང་བཤད་གནང་བ་དང་། དེ་རྗེས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་ཚོགས་ཞུགས་པ་དག་གིས་དྲི་བ་དྲིས་ལན་གནང་ཡོད་པ་རེད། ཉིན་རེའི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་ཚར་རྗེས། ཡང་བསྐྱར་སྐར་མ་སུམ་ཅུའི་རིང་༼ རིག་རྩལ་འགྲན་པའི་གར་སྟེགས་ ༽ ལེ་ཚན་ཞིག་དམིགས་བསལ་གྱིས་གོ་སྒྲིག་གནང་ཡོད་པ་དང་། ལེ་ཚན་འདི་ཉིད་ཀྱི་ནང་དུ་བགྲོ་གླེང་གོ་སྒྲིག་ཚོགས་པས་གཡུང་དྲུང་བོན་གྱི་ རྒྱུན་ཤེས་སྐོར་ནས་བགྲོ་གླེང་ཚོགས་ཞུགས་པ་ཡོངས་ལ་དྲི་བ་དྲིས་ལན་གྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་གནས་པའི་བོན་གྱི་སྐོར་ཚོགས་ཞུགས་པ་ཡོངས་ལ་གོ་རྟོགས་སྤེལ་གྱིན་ཡོད་པ་རེད།
གཞན་ཡང་བགྲོ་གླེང་དང་སྐབས་བསྟུན་གྱིས་ཞང་ཞུང་སྨར་ཡིག་ལ་སོགས་པའི་ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར་ཀྱང་གོ་སྒྲིག་གནང་ཡོད། སྐབས་འདིའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༣་པར་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ལྡི་ལི་མཐོ་སློབ། ཅན་ལྡི་སྒར་མཐོ་སློབ། མ་སི་རི་བོད་ཁྱིམ། ས་གནས་ཉིན་སློབ་གྱི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་༣༠༠ལྷག་ཙམ་མཉམ་ཞུགས་ཀྱིས་གཡུང་དྲུང་བོན་གྱི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ཟབ་རྒྱས་མཛད་ཡོད་པ་རེད།
IMG_0325
དེ་རིང་ཕྱི་ཚེས་༩ ཉིན་གྱི་སྔ་དྲོའི་མཇུག་བསྡོམས་མཛད་སྒོ་གནང་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་ཐོག་མར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་ཐེངས་འདིའི་གསུང་བཤད་སློབ་དཔོན་རྣམ་པར་དར་ཁ་བསྒྲོན་འབུལ་དང་ཡིག་གཟུགས་སྒྱུ་རྩལ་པ་དང་རྩོམ་པ་ལེགས་གྲས་རྣམས་ལ་བྱ་དགའ་གསོལ་བསྩལ་གནང་།
དེ་རྗེས་བགྲོ་གླེང་ཚོགས་ཞུགས་པ་ཁག་གཅིག་ནས་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་ དགེ་ཕན་མྱོང་ཚོར་ཅི་བྱུང་དང་མ་འོངས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་རང་མོས་ཀྱིས་གཏམ་བཤད་སྣ་ཚོགས་སྤེལ། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ལགས་བཅས་ཀྱིས་རིམ་བཞིན་དུ་བགྲོ་གླེང་གོ་སྒྲིག་གི་སྐོར་དང་། དགེ་ཕན་སྐོར། བགྲོ་གླེང་བྱུང་འཕེལ་གྱི་སྐོར་བཅས་ལ་གཏམ་བཤད་ཟབ་རྒྱས་གནང་ཡོད་པ་རེད།
དེ་མུར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་མ་འོངས་ལམ་སྟོན་སོགས་ཀྱི་བཀའ་སློབ་གནད་དུ་སྨིན་པ་བསྩལ་གནང་ཡོད་པ་དང་། མཇུག་མཐར་སྐབས་༡༣པའི་བགྲོ་གླེང་ཚོགས་གཙོ་མཆོག་ནས་མཇུག་བསྡོམས་གཏམ་བཤད་སྤེལ་བ་དང་ཆབས་གཅིག་བགྲོ་གླེང་ཚོགས་ཞུགས་སྟོན་འཁོར་ལྷན་རྒྱས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་སྟེ་བགྲོ་གླེང་སྐབས་༡༣པ་གཟབ་རྒྱས་ངང་མཇུག་བསྡུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་རྒྱུན་ལས་ཁང་ནས།།

༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༣པའི་སྐབས་ཀྱི་རྩོམ་ཡིག་དང་ཡིག་གཟུགས་འགྲན་བསྡུར་གསལ་བསྒྲགས།

 

༼འཁྱུགས་ཡིག༽

ཨང་།

མིང་།

ཡིག་གཟུགས།

སློབ་གྲྭ།

༡༽

བཀྲ་ཤིས་ཆོས་བཟང་།

འཁྱུགས་ཡིག

ས་གནས་ཉིན་སློབ།

༢༽

ཀུན་དགའ་ཚེ་རིང་།

འཁྱུགས་ཡིག

ས་གནས་ཉིན་སློབ།

༣༽

ངག་དབང་ཕུན་ཚོགས།

འཁྱུགས་ཡིག

ས་གནས་ཉིན་སློབ།

 

 

༼མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར།༽

ཨང་།

མིང་།

ལྷུག་རྩོམ།

སློབ་གྲྭ།

༡༽

ཕུར་པ་རྒྱལ།

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།

ས་གནས་ཉིན་སློབ།

༢༽

བསོད་ནམས་བཟང་མོ།

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།

ས་གནས་ཉིན་སློབ།

༣༽

སྐར་མ་གཡང་འཛོམས།

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།

ས་གནས་ཉིན་སློབ།

༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༣པའི་གོ་སྒྲིག་ཚོགས་ཆུང་ནས།

ཕྱི་ལོ་༢༠༡༤ཟླ་༦ཚེས་༩ཉིན།