གཡུང་དྲུང་བོན་གྱི་དྲྭ་རྒྱ།

མ་རྒྱུད་སངས་རྒྱས་རྒྱུད་གསུམ་དེབ་གཟུགས་སུ་པར་བསྐྲུན་བྱས་པ།

img017གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་དམ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཅེས་པ་འདི་ཉིད་སྐད་ཀྱི་འགྱུར་ལྔ་ཡི་སྒོ་ནས་བརྒྱུད་ཅིང་བོད་དུ་དར་བ་ཞིག་ཡིན་ཅིང་། དེ་ཡང་སྐད་འགྱུར་བརྒྱུད་ལྔ་ནི། ཐོག་མར་གཡུང་དྲུང་ལྷ་ཡི་སྐད་དུ་གསུངས་ཤིང་བརྒྱུད་པ་སྟེ། བོན་ཉིད་གཡུང་དྲུང་གི་དབྱིངས་སུ། ཀུན་ཏུ་བཟང་པོ་ལ་ཀུན་ཏུ་བཟང་མོ་ལས་སོགས་མཁའ་འགྲོ་མ་རྣམས་ཀྱིས་ཞུས་པ་དང། དེ་ནས་གཉིས་པ་སངས་ཏྲི་ཏ་ལྷ་ཡི་སྐད་དུ་བྱུང་བ་ཡིན་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་ཡུམ་བཟང་ཟ་རིང་བཙུན་ལས་སོགས་ལ་བརྒྱུད། དེ་ནས་གསུམ་པ་ཏ་ཟིག་གི་སྐད་དུ་བྱུང་བ་སྟེ། གཤེན་ཡུལ་འོལ་མོ་ལུང་རིང་དུ་གསང་བ་འདུས་པ་ལས་སོགས་ལ་བཤད་ཅིང་བརྒྱུད། དེ་ནས་བཞི་པ་ཞང་ཞུང་སྨར་གྱི་སྐད་དུ་བྱུང་བ་ཡིན་ཏེ། རྒྱ་གར་བར་ཆོད་དུ་རྒྱལ་གཤེན་མི་ལུས་བསམ་ལེགས་ལ་བསྟན་ཅིང་བརྒྱུད། དེ་ནས་ལྔ་པ་བོད་སྐད་དུ་བརྒྱུད་ཅིང་དར་བ་སྟེ། ཞང་ཞུང་གི་བན་ཆེན་སད་ནེ་གའུས་བོད་སྐད་དུ་བསྒྱུར་ཏེ་རིམ་གྱིས་ད་ལྟའི་བར་དུ་མ་ཉམས་པར་ཞུགས་པའོ་། སད་ནེ་གའུ་ཞེས་པ་ཞང་ཞུང་གི་ལོ་ཙཱ་བ་དང་མཁས་པ་ཆེན་པོ་ཞིག་ཡིན་ཅིང་སྒོ་པའི་བོན་པོ་ལྷ་ལས་བབ་པའི་རྒྱུད་ཡིན་པ་དང།

ཁོང་གིས་ཞང་ཞུང་བར་པའི་མཁས་པ་ཆེན་པོ་ཨ་ནུ་འཕྲག་ཐག་ལ་གཏུགས་ནས་ལོ་ཙཱ་མཁས་པར་སྦྱངས་ཏེ་རྒྱུད་འདི་ཞུས། འོན་ཀྱང་འགྱུར་ལྔ་རུ་བཤད་པ་ནི་གཙོ་ཆེ་བའི་སྒོ་ནས་བཤད་པ་ལས། དེ་མིན་སྐད་གཞན་དུའང་བརྒྱུད་པ་ནི། ལྷ་དང་ཀླུ་དང་དབལ་རོང་དང་རྒྱ་གར་དང་རྒྱ་ནག་ཐོ་གར་དང་ཕྲོམ་ལས་སོགས་ཀྱི་སྐད་དུའང་བརྒྱུད་པར་གསུངས། བོད་སྐད་དུ། གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་ཅེས་པར། ཞང་ཞུང་གི་སྐད་དུ་འདི་ལྟར། ཨུ་ཡེ་ཐ་ཙོན་མ་ཏྲ་ཉི་རི་ཀུ་ཤུ་ཧ་སངས་ཀྱིན་ཏན་ཏྲ། ཞེས་པར་བསྒྱུར་ཅིང་སྒྲ་བསྒྱུར་སྟངས་ལའང་མི་འདྲ་བ་མང་དུ་ཡོད་པ་སྟེ། དོན་འགྱུར་དང་ཐང་ལོག་བརྡ་སྐད་ལས་སོགས་ཡོད་པའི་ནང་ནས། སྒྲ་ཐད་ཀམ་མམ་ཐད་འགྱུར་དུ་བསྒྱུར་བ་ཞེས་སྒྲ་ཡི་བསྒྱུར་སྟངས་ཞིག་སྟེ། དོན་བསྒྱུར་མ་ཡིན་པར་སྒྲ་ཐད་ཀར་ཐད་ཀར་སྐད་རིགས་མི་གཅིག་པའི་སྐད་ཡིག་ཏུ་བསྒྱུར་བ་ལ་བརྗོད་ཅིང་།

དེས་ན་འདིར་ཞང་ཞུང་གི་སྐད་ལའང་། དར་མའི་སྒྲ་དང། དིར་མའི་སྒྲ། གུ་གེའི་སྒྲ་དང་ཕལ་པོ་ཆེ་གླང་གི་སྒྲ་ལས་སོགས་མང་དུ་ཡོད་པའི་ནང་ནས། འཆུན་ཆེ་ཞིང་བརྗོད་བདེ་བ། སྒྲ་དག་ལ་ཚིག་གསལ་བ་ཞང་ཞུང་སྨར་གྱི་སྒྲ་སྐད་དུ་བསྒྱུར་ཅིང་། ཞང་ཞུང་གི་སྐད་རིགས་ལའང་ཕུག་པ་ཡི་སྐད་དེ་ཀ་པི་ཏ་ལྷ་ལས་ཆད་པས་ལྷ་ཡི་སྐད་དང། བར་པའི་སྐད་སངས་ཏྲི་ཏ་ལྷ་ལས་ཆད་པས་སུམ་ཅུ་རྩ་གསུམ་པའི་སྐད་དང། སྒོ་པའི་སྐད་དེ་སྐལ་བཟང་སྒྲ་བླ་ལས་ཆད་པས་ཞང་ཞུང་སྨར་གྱི་སྐད་ལས་སོགས་ཀྱི་ནང་ནས། རྒྱུད་འདི་ཉིད་ཞང་ཞུང་སྒོ་པའི་སྨར་གྱི་སྐད་དུ་བསྒྱུར་པ་སྟེ། ཞང་ཞུང་གི་སྐད་དུ། ཨུ་ཡེ་༼ཡི་གེ་འགའ་ཞིག་གི་ནང་དུ་ཨུ་ཡ་ཞེས་བྲིས་འདུག༽ཞེས་པ་བོད་སྐད་དུ་གསང་ཆེན་ཞེས་པར་བསྒྱུར་བ་དང། དེ་བཞིན་ཐ་ཙོན་ཞེས་པར་མཐར་ཐུག་དང། མ་ཏྲ་ཞེས་པར་མ་རྒྱུད། ཤེ་རྐྱ་ཞེས་པར་ཐུགས་རྗེ། ཉི་རི་ཞེས་པར་ཉི་མ། ཀུ་ཤུ་ཞེས་པར་ཀུན་གཞི། ཧ་སངས་གྱིན་༼ཡི་གེ་འགའ་ཞིག་ནས་ཧ་སངས་ཀྱིན་ཞེས་བྲིས་འདུག༽ཞེས་པར་ཡེ་སངས་རྒྱས། ཏན་ཏྲ་ཞེས་པར་རྒྱུད་ཅེས་བསྒྱུར་བ་ནི་ཐད་ཀར་རམ་ཐད་ཀམ་དུ་ཞང་ཞུང་སྨར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་པའོ། རྒྱུད་འདིའི་བརྒྱུད་ཚུལ་ཡང། ཀུན་ཏུ་བཟང་པོས་གསང་བ་འདུས་པ་ལས་སོགས་སྟོད་ཀྱི་བླ་མ་ཆེ་དྲུག་དང། དེ་བཞིན་ནམ་མཁའ་སྣང་བ་མདོག་ཅན་ལས་སོགས་གདུང་རྒྱུད་བཅུ་གསུམ། སྟོང་རྒྱུང་མཐུ་ཆེན་ལས་སོགས་མཁས་པ་མི་བཞི། མུ་ཙ་ཏྲ་ཧེ་ལས་སོགས་ལོ་པན་མཁས་ཆེན་སྡེ་དགུ། སྤུངས་རྒྱུང་མཐུ་ཆེན་ལས་སོགས་བྱིན་རླབས་བརྒྱུད་པའི་གཤེན་དགུ། ལི་བོན་མུ་ཕྱ་ལས་སོགས་མཐུ་བོ་ཆེན་པོ་མི་དགུ། ལི་ཟའི་སྟག་རིང་ལས་སོགས་གྲུབ་ཐོབ་རྫུ་འཕྲུལ་མ་དགུ། གཙང་གཤེན་སྙན་ངག་རང་གྲོལ་ལས་སོགས་མཐའ་འདུལ་ཟིལ་གནོན་བོན་དགུ། ཁྲི་སྡེ་འོད་པོ་ལས་སོགས་བཀའ་ཁྲིམས་བཀའ་འཛིན་ཆེ་དགུ། སེམས་དཔའ་ཏིང་འཛིན་ལ་བརྒྱུད་པ། མཁའ་འགྲོ་བྱིན་རླབས་ལ་བརྒྱུད་པ། མཁའ་སྤྱོད་རིག་འཛིན་ལ་བརྒྱུད་པའམ། ཡང་ན། རྒྱུད་འཛིན་གསུམ་སྟེ། བླ་བོན་དྲན་པ་ནམ་མཁའ། ཚེ་དབང་རིག་འཛིན། པདྨ་མཐོང་གྲོལ་བཅས་གྲུབ་ཆེན་བརྒྱད་ཅུ་ལས་སོགས་ནས་རིམ་གྱིས་བརྒྱུད་དེ་ཡོང་པའི་གདམས་པ་ཞིག་ཡིན།
མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཞེས་པའི་གདམས་པ་འདི་ཡི་མཚན་གྱི་གོ་དོན་ནི། མ་རྒྱུད་ཅེས་པ་ནི། གསང་སྔགས་ནང་རྒྱུད་ལ་བསྐྱེད་རིམ་གཙོ་བོར་སྟོན་པའི་ཆ་ནས་ཕ་རྒྱུད་དང། རྫོགས་རིམ་གཙོ་བོར་སྟོན་པའི་ཆ་ནས་མ་རྒྱུད། བསྐྱེད་རྫོགས་གཉིས་ཀའམ་ཟུང་འཇུག་ཏུ་སྟོན་པ་ལ་སྲས་རྒྱུད་ཅེས་བཤད་པའི་ནང་ཚན། མ་རྒྱུད་ཀྱི་གདམས་པ་འདི་ཡི་བསྟན་བྱའི་གཙོ་བོ་རྫོགས་རིམ་གཙོ་བོར་བསྟན་པས་ན་མ་རྒྱུད་ཅེས་བཏགས་པར་སེམས། རྒྱུད་གསུམ་ཞེས་པ་ནི། རྩ་བའི་རྒྱུད་གསུམ་ཀུན་ཏུ་བཟང་པོས་མཛད་པ་ལ། དེའི་འགྲེལ་བ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པ་ཞིག་ཡིན་པ་དང། ཕྱིས་སུ་གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ནས་གཏེར་ལས་གདན་དྲངས་པ་ཞིག་ཡིན། གསང་སྔགས་ནང་རྒྱུད་དུ་གཏོགས་པའི་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་ལ་མང་དུ་ཡོད་ཀྱང། བསྡུ་ན་གསུམ་དུ་འདུས་པ་སྟེ། ཕྱི་རྣམ་པར་དག་པའི་སྤྱོད་རྒྱུད་དང། ནང་ཀུན་གྲུབ་རྫོགས་པའི་རྒྱུད་དང། གསང་བ་སངས་རྒྱས་རྒྱུད་གསུམ་དང་གསུམ་དུ་ཡོད་པའི་ཕྱི་མ་དེ་ལ་གསུམ་སྟེ། ལེའུ་བཅུ་གསུམ་གྱི་བདག་ཉིད་ཅན་གཞི་ཡེ་སངས་རྒྱས་པའི་རྒྱུད་དང། ལེའུ་བཅུ་ཡི་བདག་ཉིད་ལམ་མངོན་སངས་རྒྱས་པའི་རྒྱུད། ལེའུ་བཅུ་གཅིག་གི་བདག་ཉིད་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་དང་གསུམ་མོ། རྒྱུད་གསུམ་འདི་ཉིད་གསང་སྔགས་ནང་རྒྱུད་ཀྱི་རྒྱུད་སྡེའི་ནང་ནས་ཤིན་ཏུ་ནས་གལ་ཆེ་བའི་རྒྱུད་སྡེ་ཞིག་དང་། གསང་སྔགས་ཀྱི་རྒྱུད་སྡེའི་ནང་ནས་བསྐྱེད་རྫོགས་ཀྱི་ལམ་རིམ་དང་དམིགས་བསལ་དུ་རྩ་རླུང་ཐིག་ལེའི་བསྒོམ་པ་བཅས་ཁ་གསལ་ཞིང་གོ་བདེ་བ་ལས་སོགས་ཀྱི་ཁྱད་བོན་མང་དུ་ལྡན་པའི་གདམས་པ་སྣ་ཚོགས་སུ་ཡོད་ཅིང་། ཀུན་མཁྱེན་ཉི་མས་རྒྱུད་འདི་ཉིད་དབུས་གཏེར་ལུགས་ཀྱི་འབྲས་ཐེག་བཞི་པ་མ་རྒྱུད་ཤེས་རབ་ཀྱི་རྒྱུད་དང་ལྷོ་གཏེར་ལུགས་ཀྱི་ཐེག་པ་བདུན་པ་ཨ་དཀར་གྱི་ཐེག་པར་གཏོགས་པར་གསུངས། འགའ་ཞིག་གིས་ཤིན་ཏུ་དོན་ལྡན་པའི་རྒྱུད་དུ་གཏོགས་པར་འདོད་ཚུལ་སོགས་མི་མཐུན་པ་ཡོད་མོད། རྒྱུད་གསུམ་རང་གི་དགོངས་དོན་ལ་དཔྱད་ན་ལྷོ་གཏེར་དང་དབུས་གཏེར་གང་ལྟར་ཐེག་པ་རིམ་དགུ་ལས་ཐེག་པ་བརྒྱད་པར་གཏོགས་པ་མིན་ནམ་སྙམས། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས་ཀྱང། རྒྱུད་སྡེ་བཞི་སྟེ། བྱ་རྒྱུད་དང་སྤྱོད་རྒྱུད། ཡེ་གཤེན་རྒྱུད་དང་ཡེ་གཤེན་ཆེན་པོའི་རྒྱུད་ལས་བཞི་པ་ཡེ་གཤེན་ཆེན་པོའམ་ཡེ་གཤེན་བླ་ན་མེད་པའི་རྒྱུད་སྡེར་གཏོགས་པར་གསུངས།

དེ་ཡང་རྒྱུད་འདི་ཉིད་ཇི་ལྟར་གསུངས་པའི་ཚུལ་ནི། བདེ་ཆེན་སངས་རྒྱས་ཡུམ་བཞི་ལས་སོགས་བོན་ཉིད་ལ་གནས་པའི་མཁའ་འགྲོ་མ་རྣམས་ལ། ཀུན་ཏུ་བཟང་པོ་ནམ་མཁའ་དག་པ་ལྟ་བའམ་མཐིང་འབྲམ་རྩ་བའི་ཞལ་ནས། གཞི་ཡེ་སངས་རྒྱས་པའི་རྒྱུད་གསུངས་པ་དང། བཟང་ཟ་རིང་བཙུན་ལས་སོགས་ལམ་ལ་གནས་པའི་མཁའ་འགྲོ་མ་དགའ་ལྡན་དུ་འཚོགས་པ་རྣམས་ལ། ཀུན་ཏུ་བཟང་པོ་དམར་འབར་མ་རྒྱུད་ཀྱི་ཞལ་ནས། ལམ་མངོན་སངས་རྒྱས་པའི་རྒྱུད་གསུངས། ཚད་མེད་ཀྱི་ཡུམ་འབྲས་བུ་འགྲོ་དོན་མཛད་པའི་མཁའ་འགྲོ་མ་རྣམས་ལ་ཀུན་ཏུ་བཟང་པོ་དཀར་དག་ཡེ་ཤེས་ཀྱི་ཞལ་ནས། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་གསུངས། དེ་ཡང། གཞི་རྟོགས་པའི་དུས་སུ་ཡེ་སངས་རྒྱས་པ་དང། ལམ་བསྒོམ་པའི་དུས་སུ་མངོན་སངས་རྒྱས་པ་དང། འབྲས་བུ་ཐོབ་པའི་དུས་སུ་རྫོགས་སངས་རྒྱས་པ་ཡིན་པར་གསུངས། རྒྱུད་འདི་ཡི་འགྲེལ་མཛད་པོ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས། ལོ་ལྔ་བཅུ་ལ་གཞིའི་གདར་ཤ་བཅད་དེ་བསྒོམས་ཏེ། གཞི་ཡེ་སངས་རྒྱས་པའི་རྒྱུད་བཤད་ནས། འཁོར་དུ་གྱུར་པ་ཐམས་ཅད་ཐེག་པ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར། དེ་ནས་ལོ་ལྔ་བཅུ་ལ་ལམ་ལ་གཏིང་དཔག་བཅད་དེ་བསྒོམས་ནས། ལམ་མངོན་སངས་རྒྱས་པའི་རྒྱུད་བཞིན་ཁྲིད་དང་བཅས་པ་བཤད་པས་གྲུབ་པ་ཐོབ་པ་དཔག་ཏུ་མེད་པ་བྱུང། དེ་ནས་ལོ་ལྔ་བཅུ་ལ་འབྲས་བུའི་དོན་ལ་ཐག་བཅད་དེ་བསྒོམས་ནས། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་བཤད་ནས་ཁྲིད་བསྟན་པས། དེ་ཉིད་རྫོགས་མ་ཐག་ཏུ་རྒྱལ་མཁར་བ་ཆོད་ལ་གནས་པའི་སེམས་ཅན་ཐམས་ཅད་མ་ལུས་པར་ལྷག་མ་མེད་པར་ལུས་འཇའ་རུ་ཡལ། སེམས་བོན་ཉིད་དུ་གྲོལ། སྐུ་གསང་མཆོག་རྒྱལ་པོའི་སྐུ་རུ་སངས་རྒྱས་པར་གསུངས་སོ། དེ་ཡང། རྒྱུད་གསུམ་ལས། དང་པོ། གཞི་ཡེ་སངས་རྒྱས་པའི་སྐབས་ནས་གསང་སྔགས་མ་རྒྱུད་ཀྱི་གཞི་འདི་ཉིད་གཞི་ཀུན་ལས་མཆོག་ཏུ་གྱུར་པར་བསྟན་པ་སྟེ། གཞི་འཁྲུལ་པ་དང། གཞི་འཆལ་བ། གཞི་དམན་པ། གཞི་འབྱམས་པ། གཞི་འཁྱར་བ། གཞི་ལོག་པ་ལས་སོགས་ལས་ཁྱད་དུ་འཕགས་པར་བསྟན་པ་དང་། གཉིས་པ། ལམ་མངོན་སངས་རྒྱས་པའི་སྐབས་ནས་ལམ་གྱི་ནང་ནས་མཆོག་ཏུ་གྱུར་པ་གསང་མཆོག་མཐར་ཐུག་ཡིན་པར་བསྟན་པ་སྟེ། ལམ་ལོག་པ་མུ་སྟེགས། ལམ་འཆལ་བ་ཆབ་ནག ལམ་དམན་པ་འཕན་ཡུལ། ལམ་འཁྱོག་པ་རིག་པའི་གནས་ལྔ། ལམ་འབྱམས་པ་དཔོན་གསས། ལམ་འཁྱར་བ་དབུ་མ་རིག་པ་ལས་སོགས་ལས་ཁྱད་དུ་འཕགས་པར་བསྟན། གསུམ་པ། འབྲས་བུ་རྫོགས་སངས་རྒྱས་པའི་སྐབས་ནས་འདི་ཉིད་འབྲས་བུ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་བར་བསྟན་པ་སྟེ། འབྲས་བུ་ཚི་ཆད་རྒྱུ་བོན་སེམས་ཅན་གྱི་སྒྲུབ་བྱེད། འབྲས་བུ་ཁ་ཡན་གནས་ལྔ་གཙང་མའི་སྒྲུབ་བྱེད། འབྲས་བུ་རྒྱང་རིང་འཕན་ཡུལ་ལྷ་མིའི་སྒྲུབ་བྱེད། འབྲས་བུ་མཐའ་སྟོར་དབུ་མ་སྟོང་པའི་སྒྲུབ་བྱེད། འབྲས་བུ་རྒྱུར་ལོག་ཀུན་གཞི་ཁ་ཡན་གྱི་སྒྲུབ་བྱེད་ལས་སོགས་ལས་ཁྱད་དུ་འཕགས་པར་བསྟན་པའོ། གདམས་པ་འདི་ཡི་ནང་དུ་གདམས་པ་སྣ་ཚོགས་ཞུགས་པ་སྟེ། ཀུན་ཏུ་བཟང་པོས་གསུངས་པའི་རྩ་བའི་རྒྱུད་གསུམ་དང། རྒྱལ་གཤེན་གྱིས་གསུངས་པའི་རྒྱུད་འགྲེལ་གྱི་བོན་སྐོར་ཏེ། སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་དང་། ཡེ་ཤེས་ཐིག་ལེའི་འགྲེལ་བ་ཀུན་གཞི་ཡེ་ཤེས་ལྷུན་གྲུབ་ཀྱི་ལེའུ།  སྣང་སྲིད་ཐིག་ལེའི་འགྲེལ་བ་སྣང་གཞི་སྐུ་གསུམ་ལྷུན་གྲུབ་ཀྱི་ལེའུ། བོན་ཉིད་ཐིག་ལེའི་འགྲེལ་བ་རྩ་ཡི་དེ་ཉིད་བཞི་བཅུ་རྩ་ལྔ་བསྟན་པ། མི་ནུབ་ཐིག་ལེའི་འགྲེལ་བ་རླུང་གི་དེ་ཉིད་བསྟན་པ། མི་འགྱུར་ཐིག་ལེའི་འགྲེལ་བ། སྐྱེ་མེད་ཐིག་ལེའི་འགྲེལ་བ། ལུང་གཞི་དབང་བཞི་ལྷུན་གྲུབ་ཀྱི་དབང་བྱང། དོན་གཞི་ལྟ་སྤྱོད་ལྷུན་གྲུབ་ཀྱི་འགྲེལ་བ། འཕྲིན་ལས་ལྷུན་གྲུབ་ཀྱི་འགྲེལ་བ། ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱི་འགྲེལ་བ། ཚོགས་ཀྱི་འགྲེལ་བ། སྦྱོར་ལམ་ཡེ་ཤེས་བཞི་སྦྱོར་གྱི་འགྲེལ་བ། སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ལེའུ། ཐབས་དྲུག་ལམ་ཁྱེར་ལས་དང་པོ་ཐབས་ལམ་ཁྱེར་གྱི་འགྲེལ་བ། གཉིས་པ་རྨི་བ་ལམ་ཁྱེར་གྱི་འགྲེལ་བ། གསུམ་པ་གཉན་ས་ལམ་ཁྱེར་གྱི་འགྲེལ་བ།

བཞི་པ་འཕེན་པ་ལམ་ཁྱེར་གྱི་འགྲེལ་བ། ལྔ་པ་གཉིད་པ་ལམ་ཁྱེར་གྱི་འགྲེལ་བ་དང་ལྔ། ཐབས་ལམ་ཁྱེར་གྱི་བརྗོད་བྱའི་གཙོ་བོ་རྩ་རླུང་གི་སྐོར་བསྟན་པ་དང། རྨི་བ་ལམ་ཁྱེར་དུ་འདིར་སྣང་ཐམས་ཅད་རྨི་ལམ་གྱི་རང་བཞིན་དུ་བལྟ་བ་བསྟན། གཉན་ས་ལམ་ཁྱེར་ལས་སྒྱུ་ལུས་ཚོགས་འབུལ་ལམ་ལུས་སྦྱིན་གཅོད་ཀྱི་སྐོར་བསྟན། འཕེན་པ་ལམ་ཁྱེར་ལས་སྐུ་གསུམ་གྱི་འཕོ་ཚུལ་དང་གཞན་དོན་དུ་འཕོ་བ་གྲོང་འཇུག་བྱེད་ཚུལ་སོགས་བསྟན། གཉིད་པ་ལམ་ཁྱེར་ལས་གཉིད་ཀྱི་ནང་དུ་འོད་གསལ་བསྒོམ་ཚུལ་བསྟན། བར་དོ་ལམ་ཁྱེར་ལས་བར་དོར་གྲོལ་ཚུལ་དང་སྣང་མཆེད་ཐོབ་གསུམ་དང་འོད་གསལ་ལས་སོགས་ཀྱི་སྣང་བ་ཤར་ཚུལ་བསྟན། ༼རྒྱལ་གཤེན་གྱིས་མཛད་པའི་བར་དོ་ལམ་ཁྱེར་ཀྱི་འགྲེལ་བ་ད་ལྟ་མཇལ་ཡུལ་དུ་མ་ཞུགས་ཀྱང་། སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་མཛད་པ། ལམ་མངོན་སངས་རྒྱས་པའི་རྒྱུད་ལས་གསལ་བའི་བར་དོའི་འགྲེལ་བ། མ་རྒྱུད་ལམ་དྲུག་བར་དོའི་རྣམ་བཤད་གསལ་བྱེད་སྒྲོན་མེ་ཞེས་པ་ཞིག་ཞུགས། ༽ཡང་ན་ཐབས་དྲུག་པོ་དེ་ལ། རིམ་བཞིན་འབྱུང་བའི་ཐིག་ལེ་དང། བདག་ཉིད་ཐིག་ལེ། ཚོགས་ཀྱི་ཐིག་ལེ། སྒྲུབ་པའི་ཐིག་ལེ། གནས་ཀྱི་ཐིག་ལེ། གསལ་བའི་ཐིག་ལེ་ཞེས་ཀྱང་བརྗོད། དེ་ནས་ཐར་ལམ་རིན་པོ་ཆེའི་ཐེམ་སྐས་ཀྱི་འགྲེལ་བ། སྨིན་ལམ་རིན་པོ་ཆེའི་སྲོག་ཤིང་གི་འགྲེལ་བ། གྲོལ་ལམ་རིན་ཆེན་འཕུར་རྐྱེན་གྱི་འགྲེལ་བ་བཅས་ཡོད། མདོར་ན། ལམ་ལྔ་དང། ཐབས་དྲུག ཁྲིད་བརྒྱད་བཅས་བསྟན་པའོ། ཚོགས་ཀྱི་འགྲེལ་བ་ཞེས་པ་གསང་སྔགས་ཀྱི་གཞུང་ལས་ཚོགས་འཁོར་བསྐོར་བ་ལ་བརྟེན་ནས་ལམ་དང་པོ་ཚོགས་ལམ་ཐོབ་ཚུལ་དང། གཉིས་པ་སྦྱོར་ལམ་ཡེ་ཤེས་བཞི་སྦྱོར་གྱི་འགྲེལ་བ་ཞེས་པ་ལམ་གཉིས་པ་བསྐྱེད་རིམ་དང་པོ་ཐོབ་པའི་སྦྱོར་ལམ་བསྟན། སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཞེས་པས་ལམ་གསུམ་པ་གནས་ལུགས་མངོན་སུམ་གསར་དུ་མཐོང་ཞིང་རིམ་པ་གཉིས་ལས་རྫོགས་རིམ་གསར་དུ་ཐོབ་པའི་ཐེག་པ་ཆེན་པོའི་མཐོང་ལམ་བསྟན། དེ་ནས་ཐབས་དྲུག་ལམ་ཁྱེར་ཅེས་པས་སྒོམ་ལམ་སྐོར་དགུ་ལས་དང་པོ་བདུན་ཏེ་མ་དག་ས་བདུན་ལ་ཐབས་དྲུག་ལམ་ཁྱེར་བསྒོམ་ཚུལ་བསྟན། དེ་ནས་ཐར་སྨིན་གྲོལ་གསུམ་ཞེས་པས་སྒོམ་ལམ་སྐོར་དགུ་ལས་དག་པའི་ས་གསུམ་ལ་ཐར་ལམ་དང་སྨིན་ལམ་གྲོལ་ལམ་གསུམ་བསྟན་པའོ། སྤྱིར་རྒྱུད་གསུམ་ལ་འགྲེལ་བྱེད་མང་པོ་བྱུང་ཀྱང་སྐབས་འདིར་རྒྱལ་གཤེན་གྱིས་མཛད་པའི་རྒྱུད་འགྲེལ་འདི་ཉིད་རྩལ་དུ་བཏོན་ཏེ་བྲིས་པ་ཡིན། རྒྱུད་སྡེ་འདི་ཉིད་གཙང་སྟོད་རྟ་ནག་དུང་ཕོར་གྱི་གནས་ནས། གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེས་གཏེར་ལས་གདན་དྲངས་བར། གཉལ་གྱི་སྟོན་པ་བཙུན་པ་གཞོན་ནུ་འབུམ་གྱིས་གཏེར་སྟོན་གུ་རུ་རྣོན་རྩེའི་དྲུང་ནས་རྒྱུད་འདི་ཉིད་ཞུས་ཏེ་བྲིས་ཤིང་དག་པར་གཏུགས་ཏེ་སྤེལ་བ་ཞིག་སྟེ། དེ་ཡང། བཙུན་པ་གཞོན་ནུ་གུ་རུ་ཅན་དུ་ཕེབས་ནས་དབང་ལུང་ཁྲིད་གསུམ་མང་དུ་ཞུས་ཏེ། ཉིན་ཅིག་ཚོགས་ཀྱི་མཆོད་པར་དཔོན་སློབ་གཉིས་ལས་མེད་པ་གཅིག་བཤམས་པའི་དུས་སུ། བླ་མ་རྣོན་རྩེས་དར་དཀར་ཡུག་གཅིག་བཟུང་ནས། ངས་ད་མ་རྒྱུད་ཀྱི་དཔེ་མང་པོ་བྲིས་པས་དམུས། མི་ལས་འཕོས་པའི་སྐྱེ་བ་བློ་ཡངས་སྤུན་ཆད་འོལ་ཡང་མང་། དར་ཡུག་འདི་ཁྱོད་ཀྱི་བོན་སྐལ་དུ་སྣང་བ། ཁྱོད་ལྷ་ལས་འཕོས་པས་བློ་གཙང་ཞིང་དལ་ཆེ་བས་སུས་མ་མཐོང་བར་ཁྱོད་རང་གི་བྲིས་གསུངས་པས། ཞེས་གསུངས་པ་ལྟར། བླ་མ་གཞོན་གྱིས་དཔེ་རྣམས་བཤུ་སྐབས་སུ། རྒྱུད་འདི་དག་གཏེར་ལས་དྲངས་དུས་ཡི་གེ་རྣམས་ཞང་ཞུང་སྨར་ཡིག་དྲག་ཡིག་དང་བོད་ཡིག་གཉིས་འདྲེས་མར་ཡོད་པར་གསལ་བ་སྟེ། གྲོལ་ལམ་འཕུར་རྐྱེན་གྱི་འགྲེལ་ལས། མ་དཔེ་ལ་ཞང་ཞུང་དྲག་ཡིག་འདི་དང། བོད་ཡིག་འདྲེས་མར་སྣང་ངོ། ཞེས་དང། ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་ཁྲོལ་བ་མ་བྱུང། ཞེས་གསལ་བ་ལྟར་རོ། གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེ་མཆོག་ནི། ཀུན་མཁྱེན་ཉི་མའི་བསྟན་རྩིས་ལྟར་ན་རབ་བྱུང་གཉིས་པའི་ནང་མེ་འབྲུག་སྟེ་ཕྱི་ལོ་༡༡༣༦ལོར་སྐུ་འཁྲུངས་པར་མ་ཟད། རིག་འཛིན་གོང་མ་རྣམས་ཀྱིས་ལུང་དུ་བསྟན་པའི་སྐྱེས་བུ་དམ་པ་ཡིན་པ་ནི། དེ་ཡང་དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། གུ་རུ་རྩེ་མོ་བྱ་བ་ཡིས། རྟ་ནག་དུང་ཕོར་དངོས་གྲུབ་ལེན། ཞང་ཞུང་ཐ་མི་དད་ཀེའི་སྤྲུལ་པ་ནི། གཏེར་སྟོན་གུ་རུ་རྣོན་རྩེ་ཞེས་བྱ་བ། ཞེས་ཞང་ཞུང་གི་མཁས་པ་ཐ་མི་དད་ཀེའི་སྤྲུལ་པར་ལུང་དུ་བསྟན་ཅིང་། ཁོང་གིས་གཡས་རུ་གཙང་སྟོད་རྟ་ནག་དུང་ཕོར་ནས། འདུལ་བ་རྒྱུད་དྲུག་ཞི་ཁྲོ་རྩ་འགྲེལ་དང། མཐོ་ཐོག་མཛོད་དང་། ཁྲོ་བོ་གསང་སྔགས་སྐོར་དང་། གེ་ཁོད་མེ་རིའི་སྐོར་གྱི་རྒྱུད་དང་ཁྲིད་རིམ། མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་རྒྱུད་གཞུང་འགྲེལ་ལས་སོགས་གཏེར་ལས་དྲངས། གཞན་ཡང་གཏེར་རྫས་སུ་རྔ་སྟོང་རི་ཆེམ་པ་ལས་སོགས་ཀྱང་དྲངས། གུ་རུ་རྣོན་རྩེའི་རྣམ་ཐར་རིན་ཆེན་འཕྲེང་བ་ཆེ་ཆུང་གཉིས་སུ་ཡོད་པར་རིག་འཛིན་ཀུན་གྲོལ་གྱིས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ལས་གསུངས་མོད་ད་ལྟ་མཇལ་ཡུལ་དུ་མ་གྱུར་བས་ཞུ་ཚོད་དཀའ། གཞན་སྡེ་རྙིང་མས་ཀྱང་གཏེར་སྟོན་གྱི་གྲལ་དུ་བརྩིས་ཏེ། མཚན་དུ་བོན་པོ་ལྷ་འབུམ་ཞེས་ཀྱང་གསོལ་བར་མ་ཟད། ཀོང་སྤྲུལ་གྱིས། ཁོང་གིས་གཙང་རྟ་ནག་ནས། ཆོས་བོན་སྨན་རྩིས་སོགས་བྱུང་ཀྱང༌། རང་ལུགས་ལ་མདོས་ཕྲན་ཙམ་ལས་གཞན་མ་བཞུགས། བོན་པོས་མ་རྒྱུད་བྱུང༌། ཁོང་ནི་འབྲོམ་སྟོན་དང་དུས་མཉམ། ཞེས་གསུངས་པ་ལྟར་རོ།  འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི་བདུད་འཇོམ་གྱི་ཆོས་འབྱུང་ལྟར་ན་ཕྱི་ལོ་༡༠༠༤་ལོར་འཁྲུངས་པ་དང། དེབ་སྔོན་ལྟར་ན་ཕྱི་ལོ་༡༠༠༥ལོར་འཁྲུངས་ཤིང་ཕྱི་ལོ་༡༠༦༤ལོར་གཤེགས་པ་དང། དགའ་ལྡན་ཆོས་འབྱུང་ལས་ཕྱི་ལོ་༡༠༦༣ལོར་གཤེགས་པ་དང་།

ཀུན་མཁྱེན་ཉི་མས་ཕྱི་ལོ་༡༠༣༤ལོར་འཁྲུངས་པར་བཤད་པ་སོགས་འཁྲུངས་འདས་ཀྱི་སྐོར་ལ་ཤོད་ཚུལ་མི་འདྲ་བ་དུ་མར་སྣང་བས་དུས་མཉམ་དུ་བྱུང་མིན་ཀྱང་ཐག་ཆོད་དཀའོ། སངས་རྒྱས་རྒྱུད་གསུམ་ལས་བསྟན་པའི་ཐབས་དྲུག་ལམ་ཁྱེར་དང་། གཞན་སྡེའི་རྒྱ་གར་གྱི་པཎ་ཆེན་ནཱ་རོ་པ་ནས་བརྒྱུད་པའི་གདམས་པ་ན་རོ་ཆོས་དྲུག་གཉིས་ཀྱི་བརྗོད་བྱ་ཕལ་ཆེར་གཅིག་མཚུངས་སུ་གནས། ནཱ་རོ་པ་ནི་དུས་རབས་བཅུ་གཅིག་པའི་སྐབས་སུ་བྱོན་པའི་རྒྱ་གར་གྱི་གྲུབ་ཆེན་ཏེེ་ལོ་པའི་དངོས་སློབ་བོད་ཀྱི་མར་པ་ལོ་ཙཱའི་བླ་མ་ཡིན་པར་གྲགས། ན་རོ་ཆོས་དྲུག་ཅེས་པ། དེ་ལ་བཤད་ཚུལ་སྣ་ཚོགས་སུ་ཡོད་པ་སྟེ། ༡་རྣམ་རྟོག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། ན་ཚ་ལམ་ཁྱེར། ལྷ་འདྲེ་ལམ་ཁྱེར། སྡུག་བསྔལ་ལམ་ཁྱེར། འཆི་བ་ལམ་ཁྱེར་བཅས་དྲུག་དང། ༢ གཏུམ་མོ་དང། སྒྱུ་ལུས། འོད་གསལ། འཕོ་བ། གྲོང་འཇུག བར་དོའི་གདམས་ངག་བཅས་དྲུག ༣ གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་དང་དྲུག ༤ གཏུམ་མོ་དང་། སྒྱུ་ལུས། འོད་གསལ། ཟུང་འཇུག གྲོང་འཇུག འཕོ་བ་སྟེ་དྲུག་ལ་བཤད། བོན་ལུགས་ཀྱི་ཐབས་དྲུག་ལམ་ཁྱེར་འདྲེན་པའི་ཚེ་ན་འཕེན་པ་ལམ་ཁྱེར་རམ་འཕོ་བ་དང་གྲོང་འཇུག་གཉིས་ལྷན་ཅིག་ཏུ་བསྟན་པས་ལོགས་སུ་བགྲང་བ་མེད།
རྒྱུད་འགྲེལ་མཛད་པོ་རྒྱལ་གཤེན་མི་ལུས་བསམ་ལེགས་ནི་ཞང་ཞུང་བར་པའི་ཡུལ། སྲིད་པའི་ཞིང་ཁམས་རྣམ་པར་དག་པ་རུ། ཡབ་ཀྱེར་ཝེར་ཐ་ཙན་ཧི་སང་སྐྱ་དང། ཡུམ་ལྷ་ཟ་གཡུང་དྲུང་རྒྱན་ཞེས་པའི་སྲས་སུ་འཁྲུངས་པ་དང། ལྷ་ཀླུ་སོགས་ཀྱི་ཡུལ་དུ་ཕེབས་ཏེ། ལྷ་བོན་ཡོངས་སུ་དག་པ་དང། གསང་བ་འདུས་པ། སྟག་ལ་མེ་འབར། ཡེ་ཤེས་སྙིང་པོ། དྲང་སྲོང་རྒྱལ་བ། རྨ་ལོ་དར་དཔྱང་ལས་སོགས་བླ་མ་ཆེ་དྲུག་བསྟེན། འོན་ཀྱང་གྲགས་པ་གསུམ་ལས་བར་གསང་སྔགས་ཀྱི་གྲགས་པ་ནས་ཡབ་རྒྱས་པ་ཁྲི་རྒྱལ་འོད་ཀྱི་སྲས་ཡིན་པར་གསུངས། བསྟན་པ་བཞག་པའི་གནས་ནི་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་ལྔ་སྟེ། རྒྱལ་པོ་ལན་གྱི་དམུ་རྒྱལ་ཐེམ་པ་སྲས་ལ། གཡུང་དྲུང་བོན་ཐེག་པ་ཆེན་པོའི་སྣོད་དུ་བཞག་པ་དང། རྒྱལ་པོ་ཧོས་ཀྱི་རིགས་ཧོས་དྭངས་བ་ཡེ་རིང་ལ་ཐེག་པ་ཆེན་པོའི་དོན་བསྟན། རྒྱལ་པོ་སྤོ་ལེགས་པོ་ཀློག་གི་སྒྲོན་མ་ཅན་ལ་མན་ངག་རྫོགས་པ་ཆེན་པོའི་དོན་ལ་སྤྱོད། རྒྱལ་པོ་རྒྱལ་རིགས་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཡང་ཐེག་པ་ཆེན་པོའི་བོན་ལ་སྤྱོད། སྟག་གཟིག་གི་རྒྱལ་པོ་ཁྲི་བསམ་ལམ་པ་རྗེ་ཡང་ཐེག་པ་ཆེན་པོའི་བོན་ལ་སྤྱོད་པ་དང་ལྔའོ། དེ་བཞིན་རྒྱལ་ཕྲན་བཅུ་གཉིས་དང། རྒྱལ་ཕྲན་སིལ་མ་བཅུ་གསུམ་ལས་སོགས་པ་ཀུན་གཡུང་དྲུང་གི་བོན་ལ་སྤྱོད་པ་ཞིག་བྱུང། དེ་ནས་དམུ་རྒྱལ་གསང་བ་རྗེ་ཡི་སྲས་ནམ་མཁའ་སྣང་བ་མདོག་ཅན་གྱིས་མི་ལུས་བསམ་ལེགས་ལ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གཅིག་དུ་ཞུས་ནས། རྒྱུད་གསུམ་གྱི་བསྟན་པ་འདི་ཉིད་རིམ་གྱིས་རྒྱ་ཆེར་སྤེལ་བར་མཛད། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སངས་རྒྱས་རྒྱུད་གསུམ་ལ་ཉམས་ལེན་ཇི་ལྟར་བྱས་ཚུལ་ནི། སངས་རྒྱས་རྒྱུད་གསུམ་ལས། སྒོམ་སྲན་ཆེན་པོ་མི་ལུས་བསམ་ལེགས་གཤེན། སྒོམ་ཡུན་རིང་པོ་ལྔ་བཅུ་ཕྲག་གསུམ་བསྲིང། སྒོམ་རྟགས་ཐོན་པ་རྒྱལ་ཁམས་ལྷག་མེད་བསྒྱུར། མྱེས་ལ་ཚ་འཁྲུངས་ཀུན་ཏུ་བཟང་པོའི་རྒྱུད། ཀུན་ཏུ་ངན་པའི་སྐྱོན་གྱིས་གོས་མ་མྱོང།

མ་ལས་བུ་སྐྱེས་བཟང་ཟ་རིང་བཙུན་སྲས། བཟང་པོའི་ཆོ་རིགས་སངས་རྒྱས་བསྟན་ལ་བཞག རྗེས་ལ་བསླབ་སྦྱང་གཡུང་དྲུང་སེམས་དཔའི་རིགས། ཡང་རྒྱལ་འབྲུག་སླག་མེན་པའི་གོས་མ་གོན། དཀའ་བ་སྤྱད་པའི་གཤེན་རབ་སྟོན་པའི་བུ། འཕགས་པའི་ས་གསུམ་མེན་པར་སྡོད་མ་མྱོངས། བྱ་བ་བྱས་པས་སངས་རྒྱས་མྱེས་པར་ངེས། སྨིན་གྲོལ་མཆོག་ལ་སེམས་ཅན་མང་པོ་བཀོད། མི་ལུས་ཐོབ་པ་དོན་ཡོད་རེད་པར་ངེས། རྒྱལ་ཁྲིམས་བོན་གྱིས་བསྒྱུར་ན་དགེ་བཅུར་བསྒྱུར། བསམ་པ་ལེགས་པ་མཐའ་རུ་ཕྱིན་པར་ངེས། སེམས་བསྐྱེད་འཁོར་བ་མ་སྟོང་བར་ལ་བསྐྱངས། ཏིང་འཛིན་རྟོགས་པ་མེན་པའི་ཟས་མ་ཟོས། ཞེས་གསུངས་པ་ལྟར་རོ། དེ་ཡང་རྒྱལ་གཤེན་མི་ལུས་བསམ་ལེགས་ཞེས་པའི་མཚན་གྱི་གོ་དོན་ནི། རྒྱལ་ཁྲིམས་བོན་ལ་བསྒྱུར་བའི་གཤེན་པོ་ཡིན་པས་ན་རྒྱལ་གཤེན་དང། མི་ལུས་ཐོབ་པ་དོན་ཡོད་བྱས་པས་ན་མི་ལུས་དང། བསམ་པ་ལེགས་པ་མཐའ་རུ་ཕྱིན་པས་སམ། སེམས་བསྐྱེད་འཁོར་བ་མ་སྟོང་གི་བར་དུ་བསྐྱངས་བས་ན་བསམ་ལེགས། ཞེས་གྲགས་སོ། རྒྱལ་གཤེན་མི་ལུས་བསམ་ལེགས་ནི། བོན་ཕྱི་ནང་གསང་གསུམ་གྱི་བརྒྱུད་པའི་བླ་མ་གལ་ཆེ་བ་ཞིག་སྟེ། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་བརྒྱུད་པའི་བླ་མ་མངའ་བདག་གཤེན་པོ་རྣམ་གསུམ་ཞེས་པའི་ནང་ཚན་ཞིག་དང།

དེ་བཞིན་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་གྱི་སྟོད་ཀྱི་བླ་མ་ཆེ་དྲུག་ཅེས་པའི་ནང་ཚན་དང། སྟོན་པ་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་སྲས་བདུན་བཤད་པའི་ནང་ཚན་ཡིན་པ་སོགས་རྒྱུད་ཁུངས་ཀྱི་བླ་མ་གལ་ཆེ་བ་ཞིག་ཀྱང་ཡིན། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་གསང་མཆོག་ཐུགས་རྗེ་ཉི་མའི་དཀྱིལ་འཁོར་གྱི་ལུགས་སུ་བསྐྱངས་ཏེ། གསས་ཁང་ཆེ་བཞི་ལ་སྔགས་ཀྱི་བླ་མ་ཆེ་བཞིས་གསང་སྔགས་ཀྱི་བཤད་གྲྭ་དང་། མཆོད་རྟེན་བཞི་ལ་སྒོམ་གྲྭ། མཁར་ཆེན་བརྒྱད་ལ་ཐེག་ཆེན་གྱི་སྒྲུབ་གྲྭ་བརྒྱད་བརྒྱད། དབུས་ཀྱི་ཕོ་བྲང་ན་མ་རྒྱུད་ཀྱི་ཉམས་ལེན་པའི་སྡེ་ལས་སོགས་ཀྱི་བཀོད་པ་མཛད། ཀུན་མཁྱེན་ཉི་མས་ཀྱང། རྩོམ་ལ་མཁས་པ་རྒྱལ་གཤེན་མི་ལུས་བསམ་ལེགས་ཞེས་གསུངས་པས་ཁོང་གིས་མཛད་པའི་བཀའ་བརྟེན་རྣམས་ཧ་ཅང་གི་ཚིག་གི་སྡེབ་སྦྱོར་ལེགས་ཤིང་སྙན་པ་དང། ཞལ་གསལ་ཞིང་ཐག་ཆོད་པའི་གཏན་ཚིགས་ལས་སོགས་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་མས་བརྒྱན་པའོ།

དེས་ན་ད་ལམ་གདམས་པ་ཟབ་མོ་འདི་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྩ་བའི་ཡིག་ཆ་ཡིན་པས་སློབ་གཉེར་བ་དག་ལ་ཤིན་ཏུ་ནས་མཁོ་ཆེ་བར་བརྟེན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམ་པས་ལྷག་བསམ་དག་ཅིང་ངལ་བ་ཆེན་པོས་པར་བསྐྲུན་གྱི་བྱ་བར་འབད་པར་བཀའ་དྲིན་ཆེ་ཞེས་ཞུ་བ་དང་ཆབས་ཅིག པར་བསྐྲུན་དགེ་བའི་ལེགས་ཚོགས་ཀྱིས་གསང་ཆེན་བསྟན་པ་འདི་ཉིད་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ཏེ་འགྲོ་ཀུན་ཞི་བདེའི་དཔལ་ལ་རོལ་པའི་སྨོན་ལམ་བཅས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་རྒྱུད་འདི་ལ་གླེང་བརྗོད་ཅིག་འབྲི་བར་བསྐུལ་བ་ལ་བརྟེན་ནས་ཞིབ་པར་དཔྱད་ལོང་མེད་པར་ཐོལ་བྱུང་དུ་སྨན་རི་བ་ཡང་སྟོན་འཕྲིན་ལས་ཉི་མས་བྲིས་པའོ། །