གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རང་དགོན་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་འཁོད་གནང་བ།

IMG_2185IMG_2191

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་བོད་མེ་བྱ་ལོའི་ཟླ་བ་དྲུག་པའི་ཚེས་༢༡རེས་གཟའ་ཉི་མའི་ཉིན་སྟེ། ཕྱི་ལོ་༢༠༡༧ཟླ་བ་༠༨ཚེས་༡༣ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་གསང་གསུམ་བོན་གྱི་མཛོད་འཛིན་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཨ་རིའི་ནེའུ་ཡོག་གཡུང་དྲུང་བོན་གཤེན་གླིང་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དུ་གཞིས་ཆགས་པའི་བོན་གཞིས་ཐོབ་རྒྱལ་གསར་པ། ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདེ་འཚམས་ངང་ཞབས་སོར་འཁོད་གནང་ཡོད།
IMG_2149IMG_2150

དེ་ཡང་ཕྱི་ལོ་༢༠༡༧ཟླ་༠༨ཚེས་༡༡ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྐུ་ཡི་ཞབས་འཁོར་ཨ་རིའི་བོན་གཤེན་གླིང་གི་དབུ་འཛིན་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་སྐུའི་ཞབས་ཞུ་པ་ཚབ་ཚ་བླ་མ་རིན་ཆེན་རྒྱལ་མཚན་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་ལ་ཞབས་སོར་འཁོད། དེར་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་དང་། སྨན་རིའི་གྲྭ་ཚང་གི་གཉེར་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན། སྨན་རིའི་བླ་བྲང་གི་སྐུའི་ཞབས་ཞུ་པ་མཁའ་སྣ་དགེ་བཤེས་ཟླ་བ་རྣམ་རྒྱལ། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་དགེ་ཨེམ་རྗེ་དཔའ་རྩལ་སྟོབས་ལྡན་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ་མང་པོ་ཕེབས་བསུ་དང་མཇལ་བཅར་ཞུས་ཡོད་པ་དང་།

IMG_2136IMG_2151

ཕྱི་ཚེས་༡༢ཉིན་༧རྒྱལ་བ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དེ་གྲོང་ཁྱེར་ཅན་ངྷི་གྷར་(Chandigarh)ལ་ཞབས་སོར་འཁོད་ཡོད་པ་དང་། ཅན་ངྷི་གྷར་རྒྱལ་སྤྱིའི་གནམ་ཐང་ལ་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་ལགས། བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ལགས་དང་། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ་མཆོག དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་འབྲེལ་འགན་འཛིན། དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གཉེར་པ་ལགས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ལགས། དེ་བཞིན་བོན་གཞིས་ས་གནས་འཐུས་མི་ལྷན་ཚོགས་དང་། བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་དང་། གསོ་རིག་འབུམ་བཞིའི་མཐོ་སློབ་དང་། བོན་བུ་ཁྱིམ་ཁང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། བོན་གཞིས་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱི་ལས་བྱེད་མི་སྣ་དང་ཅན་ངྷི་གྷར་(Chandigarh)མཐོ་སློབ་ཀྱི་སློབ་ཕྲུག་ཁག་བཅས་སེར་སྐྱ་མང་པོ་ཕེབས་བསུར་བཅར་ཡོད།

IMG_2162IMG_2163

ཕྱི་ཚེས་༡༣ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ཙམ་གྱི་ཐོག་གྲོང་ཁྱེར་ཅན་ངྷི་གྷར་(Chandigarh)ནས་ཆིབས་འཁོར་ལ་བཞུགས་ནས་ཕེབས་བསུ་ཞུས། ས་གནས་ཨོ་ཆི་གྷར་(Oachghat)ནས་ཚོགས་སྡེ་དང་མི་སྒེར་ཁག་གི་རླངས་འཁོར་དང་འཕྲུལ་རྟའི་བསྟར་འཕྲེང་བསྒྲིགས་ནས་ཕེབས་བསུ་ཞུས་ཤིང་བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་ལ་བོན་གཞིས་མི་མང་དང་ཉིན་སློབ་ཀྱི་སློབ་སྤྱི་དང་དགེ་སློབ་མང་པོས་རྔ་རོལ་དང་གསོལ་འདེབས་ཀྱི་བསྟོད་དབྱངས་སུ་གྱེར་བཞིན་བསུ་མ་ཞུས། དེ་བཞིན་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྒོ་འགྲམ་ལ་དགེ་སློབ་མང་པོས་ལྷ་བསང་གཏོང་བཞིན་ཕེབས་བསུ་ཞུས།

IMG_2179IMG_2174

དེ་ནས་སྨན་རིའི་གྲྭ་ཚང་གི་སྒོ་ཆེན་འགྲམ་ལ་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉིན་མ་དོན་གྲུབ་མཆོག་དང་། བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་མཆོག་བཅས་དབུས་པའི་སྨན་རིའི་གྲྭ་ཚང་གི་དགེ་འདུན་མང་ཚོགས་ཡོངས་དང་རད་ཎ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་རྔ་གཤང་དུང་གསུམ་གྱི་མཆོད་པ་འབུལ་བཞིན། བོན་གཞིས་ཐོབ་རྒྱལ་གསར་པའི་སེར་སྐྱ་མི་མང་གིས་ཕེབས་ལམ་གཡས་གཡོན་དུ་བང་སྒྲིག་སྟེ་བདུག་སྤོས་དང་བསང་གསོལ་གཏོང་བཞིན།

IMG_2168IMG_2178

ལྷ་དར་འདེགས་ཤིང་གསོལ་འདེབས་དབྱངས་སུ་གྱེར་བཞིན་དད་པ་དང་གུས་ཕྱག་ཁྲོད་དུ་རང་དགོན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོའི་སྒོ་ཁྱམས་ལ་ཞབས་སོར་འཁོད་ཡོད་པ་དང་། དེ་ནས་དམིགས་བསལ་གྱིས་གྲྭ་ཚང་འདུས་མང་ ནས་གཡུང་དྲུང་གཤེན་རབ་མཆོད་རྔ་ཆེན་མོས་མཆོད་འབུལ་ཞུས་ཤིང་སྨན་རིའི་ཚོགས་ཁང་ལ་གདན་དྲངས་ཏེ་༧རྒྱལ་བ་སྨན་རིའི་གསེར་ཁྲི་རིན་པོ་ཆེ་ལ་བཞུགས་གསོལ་ཞུས།

IMG_2194IMG_2202

དེ་ནས་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་རིན་པོ་ཆེ་མཆོག་ནས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཞིང་བོན་གཞིས་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཡོངས་ལ་མཇལ་ཁ་གནང་། མཇལ་ཁ་སོགས་ཡོངས་སུ་གྲུབ་ནས་སྨན་རིའི་བླ་བྲང་གཟིམ་ཆུང་ལ་ཞབས་སོར་འཁོད་གནང་ཞིང་སྨན་རིའི་བླ་བྲང་ནས་བོན་གཞིས་ས་གནས་མི་མང་ལ་གསོལ་ཇ་དང་དགེ་འདུན་མང་ཚོགས་ལ་སྐུ་འགྱེད་མང་ཇ་སོགས་རྒྱས་འབུལ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

IMG_2212IMG_2213

གཡུང་དྲུང་བོན་གྱི་དྲྭ་རྒྱའི་འགན་འཛིན་པ་གྱེར་ནག་ཚང་དུ་འབོད་པས་ཟླ་༨ཚེས་༡༣ཉིན་འཕྲལ་དུ་སྤེལ་བ་དགེ་གྱུར་ཅིག།