༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས་བོད་རྒྱ་དབྱིན་གསུམ་ཅན་འགྲེམས་སྤེལ་བྱས།

ཕྱི་ལོ་༢༠༡༧ཟླ་༡༠ཚེས་༡ཉིན་གྱི་ཞོགས་པར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་གི་རྣམ་ཐར་སྙིང་བསྡུས་བོད་རྒྱ་དབྱིན་གསུམ་འདི་ག་གཡུང་དྲུང་བོན་གྱི་དྲྭ་རྒྱ་ཁང་ནས་དཔར་སྐྲུན་ལེགས་གྲུབ་བྱུང་ནས་རིན་མེད་དུ་འགྲེམས་སྤེལ་བྱེད་བཞིན་པ།

རྣམ་ཐར་གྱི་དཔར་སྐྲུན་གསལ་བྱེད།

ྋའཛམ་གླིང་བོན་གྱི་གཙུག་རྒྱན་དམ་པ་ས་གསུམ་ན་འགྲན་པའི་ཟླ་བོ་མ་མཆིས་པ་ྋརྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཙམ་གྱིས་ཀྱང་འཇིག་རྟེན་སྐྱེ་རྒུ་བདེ་བའི་དཔལ་ལ་འགོད་ཅིང་བསླབ་གསུམ་གྱི་ཡོན་ཏན་ཀུན་ལ་མངའ་དབང་བསྒྱུར་བ། རྗེ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་གི་ཞལ་ཚབ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན། བཀའ་དྲིན་བཞི་རྫོགས་ཀྱི་ཡབ་རྗེ་དཔོན་གསས་བླ་མ་གསང་གསུམ་བོན་གྱི་མཛོད་འཛིན་ྋསྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་ཞུས་ན་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་གི་རྣམ་བཞིའི་འཕྲིན་ལས་དང་མཛད་པ་རྒྱ་ཆེ་བ་གཏིང་ཟབ་པ་ནི་སོ་སྐྱེས་ཕལ་བས་གཞལ་བྱ་མ་ཡིན་པ་ནི་སྨྲོས་ག་ལ་དགོས།

དེ་ཡང་བླ་མའི་རྣམ་ཐར་ཞེས་པ་ནི་ཀུན་མཁྱེན་ཤར་རྫ་པའི་ཞལ་ནས། “ལར་ནི་རྣམ་པར་ཐར་པ་ཞེས། །རབ་ཀྱིས་སྟོང་ཉིད་སྙིང་རྗེའི་སྒོས། །སྲིད་དང་ཞི་བར་མི་གནས་པས། །མཐའ་གཉིས་ལས་ནི་རྣམ་པར་གྲོལ། །འབྲིང་གིས་ངེས་པར་འབྱུང་བའི་བློས། །འཁོར་བའི་གྲོང་ལས་རྣམ་པར་ཐར། །དེ་ཡི་ལོ་རྒྱུས་བཤད་པ་དང། །ཐ་མས་དད་པ་རྣམ་དག་གིས། །ངན་འགྲོའི་གནས་ལས་ཐར་པའི་ཚུལ། །དེ་དག་དེ་ཡི་བཤད་བྱ་ཡིན། །”ཞེས་གསུངས་པ་ལྟར་བླ་མ་དམ་པའི་རྣམ་ཐར་གྱིས་ཚེ་འདི་དང་ཕྱི་མའི་ལས་དོན་ཡོངས་སུ་གྲུབ་པར་བྱེད་ཅིང་མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་བྱེད་པ་ནི་བསླུ་མེད་རྒྱལ་འཕགས་ཐམས་ཅད་ཀྱི་ལུང་ལས་གྲུབ་པ་ལྟར་རོ། །

ད་ལན་འདིར་ཡང་༧སྐྱབས་རྗེ་རྩ་བའི་བླ་མ་གང་གི་ངོ་མཚར་ཆེ་བའི་ཕྱི་ནང་གསང་གསུམ་གྱི་མཛད་པ་མཐའ་ཡས་པ་རྒྱ་མཚོ་ལྟ་བུ་ལས་ཕྱི་རབས་རྗེས་འཇུག་པ་རྣམས་ལ་དད་པའི་ངེས་ཤེས་སྐྱེད་ཕྱིར་དང་བླ་མ་དམ་པའི་ཡོན་ཏན་ནམ་བྱིན་རླབས་ཀྱི་ཆེ་བ་རྒྱུད་ལ་འཇུག་པར་དམིགས་ཏེ་གང་གི་རྣམ་པར་ཐར་བ་ལས་ཚིག་གི་སྤྲོས་པ་མེད་པ་ལོ་ཚིགས་དང་འབྲེལ་ཏེ་དོན་གནད་གལ་ཆེན་ཁག་གཅིག་ཕྱོགས་བསྡུས་སྒྲིག་རྩོམ་ཞུས་པའི་ཁུལ་ཡིན། རྣམ་ཐར་ཉུང་བསྡུས་འདིར་ཆེད་དུ་མ་བཀོད་པ་དང་ཡང་ན་མ་འཁོད་པ་རྣམས་རྣམ་ཐར་རྒྱས་པའི་སྐབས་སུ་འགོད་རྒྱུ་ཡིན་པ་ལགས་ན་དེ་ལུགས་ཀྱང་དགོངས་འཇགས་ཞུ།

གཞན་ཡང་བྲེལ་ཟིང་གི་བར་ནས་འབུམ་རམས་པ་སྐལ་བཟང་ནོར་བུས་དང་བླངས་ཀྱིས་རྣམ་ཐར་དབྱིན་བསྒྱུར་གནང་བ་དང་། འབུམ་རམས་པ་ནོར་བུ་རྒྱལ་མཚན་གྱིས་རྒྱ་གར་སྐད་དུ་བསྒྱུར་གནང་བས་མཁས་དབང་རྣམ་པ་གཉིས་ལ་ཆེད་དུ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ། དེ་མིན་ཞུ་དག་དང་ཁ་གསབ་སོགས་གནང་མཁན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། མཐའ་མའི་ཞུ་དག་གནང་མཁན་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ལགས་བཅས་ལ་ཞེ་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ།
ད་ལན་ཕྲན་ནས་འདི་ཙམ་བགྱིས་པའི་བསྐལ་པ་བྱུང་བ་ཡང་མི་ལོ་ཧྲིལ་པོ་བཅོ་ལྔ་ལ་རང་གི་བུ་ཕྲུག་བཞིན་དུ་གསོས་ཤིང་བསྐྱངས་པའི་༧སྐྱབས་རྗེ་བླ་མ་དམ་པ་གང་གི་བཀའ་དྲིན་དང་ཐུགས་རྗེ་དྲིན་ལན་ནི་ཆེས་འཁོར་ཐབས་བྲལ་ཞིང་། དུས་ནམ་ཀུན་ཏུ་བླ་མའི་བཀའ་དྲིན་སྙིང་དབུས་ནས་དྲན་བཞིན་ཚེ་རབས་ཀུན་ཏུ་བླ་མ་དམ་པ་གང་གི་རྗེས་སུ་འཛིན་པའི་རྒྱུ་རུ་གྱུར་ཅིག

རྩོམ་སྒྲིག་པས་སྨན་རིའི་གླིང་ནས།

ཕྱི་ལོ་༢༠༡༧ཟླ་༩ཚེས་༢༧ཉིན།

རྒྱ་གར་སྐད་དང་དབྱིན་སྐད་ཅན་གྱི་འགོ་ཤོག་དཔེ་མཚོན།

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དྲྭ་རྒྱ་ལས་ཁུངས་ནས་དཔར་སྐྲུན་ལེགས་གྲུབ་བྱུང་ནས་རིན་མེད་དུ་འགྲེམས་སྤེལ་བྱས།

1,546 total views, 3 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།