གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གནས་བསྡུས།

ཇི་སྐད་དུ།   དགག་སྒྲུབ་ཚུལ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་བསྟོད་འོས་ཏེ། བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། བསྟན་པ་དེ་ཡིས་འཛིན་པ་ཡིན། ཞེས་བསླུ་མེད་ལུང་གིས་ཇི་ལྟར་བསྔགས་པ་ལྟར། ༧སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་རིན་པོ་ཆེ་མཆོག་ནི། བོན་གྱི་གྲྭ་ས་གོང་མ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བགྲང་བྱ་དུ་མའི་རིང་གཏན་བཞུགས་གནང་སྟེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་རླབས་པོ་ཆེ་བཞེས་གནང་མཁན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ཨ་རིར་གནས་བཞུགས་རྒྱལ་གཤེན་བོན་ཚོགས་ཀྱི་འགན་འཛིན་༧གདན་ས་སྨན་རིའི་དགེ་བཤེས་བྱ་འཕུར་རིན་པོ་ཆེ་མཆོག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ལོ་བཅུ་ཡི་རིང་ཨ་རིའི་མཐོང་མཆན་visa ཐོབ་སྟེ། རྒྱལ་གཤེན་བོན་ཚོགས་ཀྱི་གོ་སྒྲིག་བརྒྱུད་ཕྱི་ལོ་༢༠༡༩/༠༡/༢༡ཉིན་རྒྱལ་ས་ལྡི་ལིའི་མཁའ་ལམ་བརྒྱུད་༧དཔལ་ལྡན་ཨ་རིའི་རྒྱལ་ཁབ་ཏུ་ཞབས་སོར་བདེ་བར་འཁོད།བོན་ཁྲིད་མཛད་རིམ་དང་པོ།

ཕྱི་ལོ་༢༠༡༩/༠༡/༢༦།༢༧ཉིན་གཉིས་རིང་los angles༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་གནང་བའི་བོན་ཚོགས་ཁྱུང་རྫོང་འོད་གསལ་གླིང་དུ་ཕྱི་གླིང་དད་ལྡན་སློབ་མ་རྣམས་ལ་བླ་ཡིད་སེམས་གསུམ་དང་འབྲེལ་བའི་བོན་ཁྲིད་ཟབ་རྒྱས་གནང་།བོན་ཁྲིད་མཛད་རིམ་གཉིས་པ།

ཕྱི་ལོ་༢༠༡༩/༠༢/༠༢།༠༣ཉིན་གཉིས་རིང་virginia༧གདན་ས་སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་གནང་བའི་ལིག་མིན་རྐྱ་བོན་ཚོགས་སུ་དད་ལྡན་ཕྱི་གླིང་བ་རྣམས་ལ་གཟེར་བུ་ཉེར་གཅིག་དང་གསས་མཁར་མ་རྒྱུད་ཀྱི་བོན་ཁྲིད་བཀའ་དྲིན་བསྩལ།བོན་ཁྲིད་མཛད་རིམ་གསུམ་པ།

ཕྱི་ལོ་༢༠༡༩/༠༢/༠༩།༡༠ཉིན་གཉིས་རིང་new york༧གདན་ས་སྨན་རིའི་དགེ་བཤེས་སྐྱོང་སྤྲུལ་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་གནང་བའི་ཨ་རིའི་བོན་གཤེན་གླིང་དུ་སྙིང་པོ་རྣམ་གསུམ་དང་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་བོན་ཁྲིད་བཀའ་དྲིན་བསྐྱངས།བོན་ཁྲིད་མཛད་རིམ་བཞི་པ།

ཕྱི་ལོ་༢༠༡༩/༠༢/༡༦།༡༧ཉིན་གཉིས་རིང་pittsburgབསྟན་པ་བླ་མ་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་གནང་བའི་འོལ་མོ་གླིང་བོན་ཚོགས་སུ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་འབྲེལ་བའི་བོན་ཁྲིད་ཟབ་རྒྱས་གནང་།བོན་ཁྲིད་མཛད་རིམ་ལྔ་པ།

ཕྱི་ལོ་༢༠༡༩/༠༢/༢༣།༢༤ཉིན་གཉིས་རིང་huston༧གདན་ས་སྨན་རིའི་དགེ་བཤེས་འདན་མ་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གདན་ཞུས་ལྟར་ལིག་མིན་རྐྱ་ཏྲེཌ་སེས་སུ་བར་དོའི་རང་བཞིན་བཅུ་དང་འབྲེལ་བའི་བོན་ཁྲིད་རྨད་དུ་བྱུང་།བོན་ཁྲིད་མཛད་རིམ་དྲུག་པ།

ཕྱི་ལོ་༢༠༡༩/༠༣/༢།༣ཉིན་གཉིས་རིང་san Francisco ༧གདན་ས་སྨན་རིའི་དགེ་བཤེས་བྱ་འཕུར་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་གནང་བའི་རྒྱལ་གཤེན་བོན་ཚོགས་སུ་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་བྱང་ཆོག་དང་འབྲེལ་བའི་བོན་ཁྲིད་ལེགས་པར་གྲུབ་པའོ།

རིན་པོ་ཆེ་མཆོག་ནས་ཟླ་བ་གཉིས་ཙམ་གྱི་རིང་༧དཔལ་ལྡན་ཨ་རིའི་རྒྱལ་ཁབ་ཏུ་སྨིིན་གྲོལ་གྱི་བོན་ཁྲིད་ཟབ་རྒྱས་བསྐྱངས་ནས་མཐར་ཕྱི་ལོ་༢༠༡༩/༠༣/༠༥ཉིན་ཨ་རིའི་མཁའ་ལམ་བརྒྱུད་དེ་རང་དགོན་བོན་གྱི་གྲྭ་ས་གོང་མ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་པའི་གནས་ཚུལ་སྙིང་བསྡུས་ཙམ་མོ།

                                      ༧གཡུང་དྲུང་བོན་དྲྭ་རྒྱའི་ལས་སྒྲུབ་པ་ཁྱུངཿཁྲི་རྒྱལ་ནས།