གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་མེག་སུ་ཁོར་འགྲོ་དོན་བསྐྱངས་པའི་གནས་བསྡུས།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་མེག་སུ་ཁོའི་དད་ལྡན་རྣམས།


ཕྱི་ཟླ་༧པའི་ཚེས་༨་ཉིན་ཨ་རིའི་ལིག་མིན་རྐྱའི་བོན་ཚོགས་ནས་ཆིབས་ཐོན་མཛད་དེ་མཁའ་ལམ་བརྒྱུད་མེག་སི་གོ་རྒྱལ་སར་ཕེབས་འབྱོར་བྱུང་།

མེག་སི་གོ་ལིག་མིན་རྐྱའི་བོན་ཚོགས་བྱམས་མ་གླིང་གི་བླ་མ་སྐལ་བཟང་དང་བླ་མ་གཡུང་དྲུང་། དེ་བཞིན་མེག་སི་གོའི་བྱམས་མ་གླིང་གི་ཚོགས་གཙོ་བཅས་གཡུང་དྲུང་གི་བོན་སྒོར་ཞུགས་པའི་ས་གནས་དེ་གའི་དད་ལྡན་ཕོ་མོ་རྣམས་པས་དྲི་མེད་ཀྱི་ལྷ་དར་སོགས་མཆོད་པའི་རྫས་སྣ་ཚོགས་ཀྱིས་སྣེ་དྲངས་ནས་ཕེབས་བསུ་ཟབ་རྒྱས་ཞུས།

ཚེས་༩་ཉིན་དགོང་མོའི་ཆུ་ཚོད་༧པའི་ཐོག་མེག་སི་ཁོའི་རྒྱལ་སའི་ཚོགས་ཁང་ཞིག་གི་ནང་དུ་མི་མང་༣༠༠ལྷག་ལ་གཡུང་དྲུང་གི་བོན་རིན་པོ་ཆེ་ངོ་སྤྲོད་དང་བསྟན་པ་རིན་པོ་ཆེ་འདི་ཉིད་ལོ་རྒྱུས་ཀྱི་ཉེན་འཕྲང་དག་ལས་ཉམས་ཆག་ཅི་ཙམ་བྱུང་མིན་སོགས་ཀྱི་ཐོག་ནས་ཆུ་ཚོད་༢ལྷག་ཙམ་ལ་གསུངས་བཤད་ཟབ་རྒྱས་གནང་ཡོད་པ་རེད།

ཚེས་༡༠ཉིན་གྱི་ཞོགས་པར་མེག་སུ་གོའི་གདོད་མའི་ཆོས་ལུགས་མི་སྣ་སྐོར་ཅིག་ལ་མཇལ་འཕྲད་གནང་ནས་གཡུང་དྲུང་བོན་དང་མེག་སུ་གོའི་གདོད་མའི་ཆོས་ལུགས་གཉིས་བར་གྱི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་སྐོར་ནས་བཀའ་མོལ་གནང་ནས། སླད་མའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་ནས་དམ་ཟབ་ཡོང་རྒྱུ་དང་སྐྱེ་དགུ་ཡོངས་ལ་ཕན་པའི་བྱ་གཞག་དང་མི་རབས་གསར་པ་རྣམས་ལ་མེས་པོའི་རིག་གཞུང་དར་སྤེལ་གནང་ཕྱོགས་སྐོར་ནས་བཀའ་མོལ་གནངས་ཡོད་པ་རེད།

ཚེས་༡༡་ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེས་མེག་སི་གོའི་ལིག་མིན་རྐྱའི་བོན་ཚོགས་བྱམས་མ་གླིང་ནས་སྙིང་པོ་རྣམ་གསུམ་གྱི་བཀའ་ཁྲིད་ཉིན་གསུམ་གནང་ནས།

མཐར་ཚེས་༡༤ཉིན་ཚེ་དབང་བྱ་རི་མའི་དབང་མཆོག་བསྐུར་ནས་ཉིན་རྒྱབ་ཆུ་ཚོད་༣་ཐོག་མཇུག་བསྡོམ་མཛད་ནས་སློབ་མ་རྣམས་དགའ་དད་སྤྲོ་གསུམ་གྱིས་སྙིང་པོ་རྣམ་གསུམ་རྒྱུན་ཆགས་སུ་བརྩོན་པར་དམ་བཅའ་མཛད། གཞན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་མེག་སི་གོའི་ལིག་མིན་རྐྱའི་བོན་ཚོགས་ལ་བྱིན་རླབས་རྟེན་སྐལ་དུ་༸རྣམ་འདྲེན་བརྒྱད་པ་༸རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་ཞལ་ཐང་བྲིས་ལེགས་ཤིག་གསོལ་རས་སུ་བསྩལ་ནས་ལིག་མིན་རྐྱའི་བོན་ཚོགས་བླ་སློབ་རྒྱུན་ལས་ཡོངས་ཕྱག་གྲུ་མཉམ་འདེག་དང་དཔུང་བ་མཉམ་གཤུབ་ཀྱིས་ཚོགས་པ་འདི་མ་འོངས་པར་མུ་མཐུད་ནས་རྒྱུན་སྐྱོང་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས། ཚེས་༡༩་ཉིན་༸རྒྱལ་བ་སྨན་རིའི་སྟོན་འཁོར་ལྷན་རྒྱས་མེ་སི་གོ་རྒྱལ་ས་ནས་མཁའ་ལམ་བརྒྱུད་ཨ་རིའི་བོན་ཚོགས་རྒྱལ་གཤེན་གླིང་དུ་ཕེབས་འཆར་ཡོད་པས་མཛད་འཕྲིན་གནས་བསྡུས་ཙམ་མོ།

གནས་ཚུལ་མཁོ་འདོན་པ་༧སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་ནས།