གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཙོ་སྒྲུབ་པ།
སྐྱིད་སྲས་དགེ་ལེགས་ཉི་མ། 

རག་ཤི་གཡུང་དྲུང་ཉི་མ།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ལ་འབྲེལ་བ་གནང་ཡུལ།

སྐྱིད་སྲས་དགེ་ལེགས་ཉི་མ།

‭ཁ་པར། 91 88940 34616‬

གློག་འཕྲིན། lamageleknyima@gmail.com

རག་ཤི་གཡུང་དྲུང་ཉི་མ།

ཁ་པར། 91 7807207666

tagtsunpa981@gmail.com

གཙོ་སྒྲུབ་ལས་ཁུངས།

 གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། སྨན་རིའི་གླིང་།

195927_194155290617978_3218978_nགཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

དྲ་རྒྱ་འདི་ཡི་མིང་གི་གོ་དོན།

གཡུང་ཞེས་འགྱུར་བ་མེད་པ་དང་། དྲུང་ཞེས་འགག་པ་མེད་པའི་དོན་ལ་འཇུག་ཅིང༌། དོན་དུ་སྐྱེ་འགག་མེད་པའམ་མི་མཐུན་པའི་མཚན་མ་རྟག་ཆད་ལས་སོགས་གང་གིས་ཀྱང་བསྐྱེད་དུ་མེད་པའི་དོན་ཡིན། བོན་ཞེས་པ་ནི་སྟོན་པ་དང་བཟླ་བ། འཁོར་བ་དང་མྱང་འདས། ཀུན་རྫོབ་དང་དོན་དམ། དེ་བཞིན་ཤེས་བྱ་ལས་སོགས་ཕྱི་ཡི་ཡུལ་དང་ནང་གི་སེམས་སོགས་འཇུག་ཡུལ་སྣ་ཚོགས་པ་ཡོད་མོད། འདིར་ནི་སྟོན་པ་ལ་འཇུག་སྟེ། སྟོན་པ་ཞེས་པ་ནི་ཐར་པའི་ལམ་མ་ནོར་བར་སྟོན་པ་དང་། ལེགས་ཉེས་བླང་དོར་གྱི་གནད་ཚུལ་བཞིན་སྟོན་པ་དང༌། ཐེག་པ་རིམ་དགུ་ལས་སོགས་གདུལ་བྱའི་བློ་དང་འཚམས་པར་སངས་རྒྱས་བསྒྲུབ་པའི་ཐབས་ལམ་མ་ནོར་བར་སྟོན་པ་དང༌། མདོར་ན་ནང་དོན་རིག་པའི་གནད་ཟབ་མོ་སྟོན་པ་སོགས་ལ་འཇུག་པ་ཡིན། དེ་ཡང་འདུལ་བ་རྒྱུད་དྲུག་དང་དཔེ་གཞུང་རྙིང་པ་སོགས་ནས་༼སྟོན་པས་བོན་པའོ།༽ ཞེས་ཡང་ཡང་གསལ་ཡོད་པས་ཀྱང་རྟོགས་ནུས་སོ། །འོན་ཀྱང་འགའ་ཞིག་གིས་བཟླ་བ་སྟེ་སྔགས་བཟླ་བ་ཙམ་ལ་འཇུག་ཚུལ་གྱིས་འགྲེལ་བྱེད་པ་ནི་བོན་གྱི་དཔེ་གཞུང་ལ་དེ་ཙམ་རྒྱུས་མངའ་མེད་པའི་རང་རྟགས་སུ་ཟད་དོ།།

དེས་ན་དྲ་རྒྱ་འདིར་ཡང་གཙོ་བོར་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས། རིག་གཞུང་སྟེ་རྩ་ཆེའི་གནས་རིས། གཏོ་ཡི་བཀའ་སྒྲོམ་དང་མི་སྣ་ལས་སོགས་ངོ་སྤྲོད་བྱེད་པའི་རྒྱུད་ལམ་ཡིན་པས་ན་༸སྐྱབས་རྗེ༸སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་མཚན་དེ་ལྟར་བསྩལ་གནང་བྱུང་བ་ཞིག་ཡིན།

དྲ་རྒྱ་འདི་ཡི་དམིགས་ཡུལ་དང་རེ་བ།

ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་གཏན་གཞིར་བྱེད་པའི་“དབུས་གཡུང་དྲུང་བོན་གྱི་དྲ་རྒྱ་”ཞེས་གསར་དུ་སྒོ་དབྱེ་ཞུ་དོན་གྱི་དམིགས་ཡུལ་གཙོ་བོ་ནི།
དེང་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཚན་འཕྲུལ་རིག་པའི་རྦ་རླབས་ཆལ་ཆིལ་དུ་གཡོས་ཏེ་སྐར་ཆ་དང་སྐར་ཆའི་དབར་ལའང་དེང་རབས་ཀྱི་མི་རྣམས་ལ་ཉེ་བར་མཁོ་བའི་ཆ་རྐྱེན་མང་པོ་ཞིག་སྐྲུན་ཏེ་རང་ཉིད་ཀྱི་མདུན་ལྕོག་གྲུ་བཞིའི་སྟེང་དུ་གནའ་སྔོན་གྱི་ལོ་རྒྱུས་དང་དེང་རབས་ཀྱི་འགྱུར་གསར། དེ་བཞིན་མི་རིགས་ཀྱི་རིག་གཞུང་དང་རྒྱལ་རབས། ལྟ་གྲུབ་སྟེ་ཆོས་ལུགས་ཀྱི་བྱུང་རབས། ལོ་རྒྱུས་ཀྱིས་མཚོན་པའི་ཆེད་ལས་མཁས་པ་དང་རྒན་རབས་ཉམས་མྱོང་ཅན་གྱི་མི་སྣ་དབར་ཕན་ཚུན་མཛའ་འབྲེལ་གྱིས་གཏམ་གླེང༌། དཔྱད་རྩོམ་དང་། སྙན་རྩོམ་ལས་སོགས་ཅི་ཡིན་ཁྲ་ལྷམ་མེར་གློག་ཀླད་ཀྱི་བརྒྱུད་ལམ་ནས་ཀློག་ཐུབ་པའི་ཆ་རྐྱེན་ཡོད་པ་དང༌། མདོར་ན་སྔ་བར་ཕྱི་གསུམ་གྱི་གནས་སྟངས་ཐམས་ཅད་དཀའ་ཚེགས་མེད་པར་མཁྱེན་རྟོགས་ཐུབ་པའི་དྲ་རྒྱ་ཇི་སྙེད་ཅིག་མཆིས་པ་དེ་དག་གིས་མི་རྣམས་ལ་བློ་བསྐྱེད་གསར་པའི་ཤེས་བྱ་ཇི་སྙེད་ཅིག་ཐོབ་བཞིན་ཡོད། གོ་སྐབས་འདི་དང་བསྟུན་ཏེ་ངེད་ཅག་བོན་འབངས་ལྟ་བུར་མཚོན་ནའང་རྒྱལ་ཕྱི་ནང་དུ་བཞུགས་པའི་བོན་ཚོགས་དང་དགོན་པ་གྲྭ་ཚང་། དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱི་དྲ་རྒྱ་མི་ཉུང་པ་ཞིག་བྱུང་དང་འབྱུང་བཞིན་པ་ནི་དགའ་སྤོབས་སྐྱེ་འོས་པ་ཤིག་དང༌།

གཞན་ཡང་དེང་གི་དུས་འདིར་སྤྱིར་མཐོ་སྒང་ཧི་མ་ལ་ཡཱའི་ཆོས་དང་རིག་གཞུང་ལ་འཛམ་གླིང་གི་མི་སྣ་མང་པོས་དོ་སྣང་གསར་དུ་འཕེལ་བཞིན་པར་མ་ཟད་ལྷག་པར་དུ་སྔོན་བྱོན་རིག་འཛིན་རྣམས་ཀྱིས་“བོན་འདི་དབུས་ནས་ནུབ་ཀྱང་མཐའ་ནས་དར་”ཅེས་པའི་གཡུང་དྲུང་ལུང་གིས་མ་འོང་ལུང་དུ་བསྟན་པ་ལྟར་ནུབ་གླིང་དང་བྱང་གླིང་ལས་སོགས་ཕྱོགས་ཡོངས་ནས་བོན་དང་བོན་གྱི་སྐོར་ལ་ཆེད་ལས་མཁས་པའི་ཞིབ་འཇུག་པ་དང་བོན་གྱི་ནང་དོན་རིག་པ་ལ་སློབ་གཉེར་བྱེད་མིའང་ཉིན་རེ་ནས་ཉིན་རེར་ཡར་ཟླ་བཞིན་རྒྱས་པའི་དུས་འདིར་ངེད་ཅག་རྣམས་ནས་ཀྱང་དུས་རབས་གསར་པའི་འགྱུར་འགྲོས་དང་བསྟུན་ཏེ་སྤྱི་བཙན་དུ་མཐོ་སྒང་ཧི་མ་ལ་ཡཱའི་ཆོས་དང་རིག་གཞུང་སྲིད་འབྱོར་ལོ་རྒྱུས་ལས་སོགས་དང༌།

སྒོས་བཙན་དུ་གངས་ཅན་བོད་ཀྱི་ཤེས་རིག་གི་གཞི་མ་བོན་དང་ཞང་ཞུང་འབྲེལ་བའི་རྒྱལ་རབས་ལོ་རྒྱུས་དང་བོན་དང་རིག་གཞུང་མི་སྣ་ལས་སོགས་ཐུན་མིན་བོད་ཀྱི་ཤེས་རིག་འདི་དག་ཐུགས་སྣང་ཅན་གྱི་འཛམ་གླིང་མི་མང་རྣམས་དང་ལྷག་པར་དུ་རང་རིགས་གཞོན་སྐྱེས་རྣམས་ལ་དུས་དང་འཚམས་པར་ངོ་འཕྲོད་འབྱུང་ཐབས་དང་། གཞན་ཡང་སྔར་སྲོལ་བཟང་པོ་དེ་དག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ལ་གཙོ་བོར་དམིགས་ཏེ། གོང་ཞུས་ལྟར་དྲ་རྒྱ་འདི་བཞིན་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་འདི་བཞིན་དགོས་ལུགས་ཀྱིས་བཀའ་འཁྲོལ་ཟབ་མོ་སྨིན་སྩོལ་གནང་བར་མ་ཟད་རྒྱལ་ཕྱི་ནང་དུ་བཞུགས་པའི་བོན་གྱི་སྐོར་ལ་ཐུགས་སྣང་ཡོད་མཁན་མང་པོ་ཞིག་ནས་ཀྱང་འདི་བཞིན་དགོས་ལུགས་ཀྱིས་དགོངས་འཆར་ཡང་ཡང་བྱུང་བ་སོགས་ཀྱིས་རྐྱེན་པས་ད་ལམ་“གཡུང་དྲུང་བོན་གྱི་དྲ་རྒྱ་”འདི་བཞིན་གསར་དུ་སྒོ་དབྱེ་ཞུས་པ་ཡིན།

གཞན་ཡང་ངེད་ཅག་གི་རེ་འདུན་གཙོ་བོ་ཞིག་ནི། འདས་པའི་ལོ་རྒྱུས་ནང་དུ་ཆོས་ལུགས་ཀྱི་ཆགས་སྡང་དབང་གིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་མི་ཉུང་བ་ཞིག་གི་ནང་དུ་བོན་དང་བོན་གྱི་སྐོར་ལ་མི་བདེན་སྒྲོ་སྐུར་མང་པོ་ཞིག་བྱས་ཡོད་ཅིང་དེ་ཡིས་མི་རྣམས་ལ་ས་བོན་ངན་པ་ཞིག་བཏབས་ཏེ་བོན་དང་བོན་ཙམ་དུ་མ་ཟད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རིག་གཞུང་དང་བཅས་པ་ལའང་མ་རྟོགས་ལོག་རྟོག་གིས་མགོ་བོ་རྨོངས་སུ་བཅུག་ཡོད། དེ་དག་ལ་དྲ་ལམ་འདི་ཡི་བརྒྱུད་ནས་བོན་དང་བོན་གྱི་ཡིན་ལུགས་ངོ་མ་ཇི་ཡིན་མཁྱེན་རྟོགས་བྱུང་སྟེ་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་རིགས་ཀྱི་ཤེས་རིག་གི་མ་མའི་ཞལ་རས་གསལ་པོར་ངོ་འཕྲོད་པའི་རེ་བ་ཞུ་བཞིན་ཡོད། འོན་ཀྱང་ངེད་དྲ་ལས་ཚོགས་མི་ཚོར་མཚོན་ན་དེང་རབས་ཀྱི་གློག་ཀླད་ཀྱི་སྐོར་ལ་རྒྱུས་མངའ་དམའ་བར་མ་ཟད་དྲ་བའི་སྐོར་ལ་དེ་བས་ཀྱང་རྒྱུས་མངའ་དེ་ཙམ་མེད་པས་དྲ་བའི་བཀོད་བྱུས་ལས་སོགས་མ་འགྲིག་མ་འཐུས་པ་བྱུང་རིགས་ལ་འདི་ནས་བཟོད་གསོལ་ཞུ་རྒྱུ་མ་ཟད་ཉམས་མྱོང་གསོག་རིམ་བཞིན་དུ་ཡར་རྒྱས་ཀྱི་རྣམ་པར་བསྐྱོད་ཐབས་ཀྱིས་ཁྱེད་རྣམས་ཀྱི་ཐུགས་རེ་བསྐོང་ཐུབ་པའི་རེ་བའང་བྱེད་བཞིན་ཡོད།

དེས་ན་དུས་ནས་དུས་སུ་ཕྱོགས་ཡོངས་ཀྱི་བོན་དང་བོན་འབྲེལ་གྱི་གནས་ཚུལ་རྣམས་རིས་སུ་མ་ཕྱེས་པར་མཐུན་རྐྱེན་ལ་དཔག་པའི་འགོད་ཐུབ་པའི་རེ་འདུན་ཡོད་པ་མ་ཟད། རྩོམ་པ་པོ་དང་ལྷག་བསམ་ཅན་དག་གིས་ཀྱང་། གནས་ཚུལ་དང་དཔྱད་རྩོམ། ལོ་རྒྱུས་དང་སྙན་རྩོམ། གལ་ཆེའི་པར་རིས་དང་དགོན་སྡེའི་ངོ་སྤྲོད། གསར་ཐོན་གྱི་གཏོ་ཡི་བཀའ་སྒྲོམ་ལས་སོགས་ངེད་དྲྭ་བར་བསྐུར་གནང་བྱུང་ཚེ་འདི་ནས་འགོད་ཐབས་གང་ཐུབ་བྱ་རྒྱུ་ཡིན།

གཡུང་དྲུང་བོན་དྲ་བའི་ལས་རྟགས།

1779694_1473336416277060_9049557646678862790_nདེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་དང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

སྤྱིར་གཡུང་དྲུང་ཞེས་པ་ནི་རྟག་ཆད་ལས་སོགས་མི་མཐུན་པའི་མཚན་མ་གང་གིས་ཀྱང་བསྐྱད་པར་མི་ནུས་པའི་བརྡ་རྟགས་ཤིག་དང༌། དེ་ཡང་སྟོན་པ་སངས་རྒྱས་གཤེན་རབ་མི་བོས། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེགས་ཞིག གཞི་སྙིང་རྗེ་ཆེན་པོ་ལ་ལོང་ཞིག ཐབས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་ཅིག་ཅེས་བོན་འཁོར་ཚིག་བཞི་འདི་ཡིས་མདོ་སྔགས་ཟུང་འབྲེལ་མཚོན་པ་ནི་ལྟ་བ་བླ་མེད་རྫོགས་པ་ཆེན་པོས་ཡས་ནས་གདུགས་དཀར་བཞིན་དུ་ཕུབས་ཏེ་སྤྱོད་པ་ཀུན་དགའི་སྤྱོད་པ་སྟེ་ཕྱི་ཡི་ཚུལ་རྣམས་ཐེག་པ་གང་དང་ཡང་མི་འགལ་བར་ལེགས་པར་སྲུང་སྟེ་དེ་ཡི་ཐབས་སུ་གྱུར་བའི་ཕ་རོལ་དུ་ཕྱིན་པ་བཅུ་ཡིས་སྒོ་ནས་འཇུག་ཅིང་དེ་ཡང་བོན་སྤྱོད་གང་གི་སྒོར་འཇུག་ཀྱང་གཞི་སྙིང་རྗེ་ཆེན་པོས་རྩིས་ཟིན་གྱིས་འབྲས་བུ་བླ་ན་མེད་པའི་གོ་འཕང་བསྒྲུབ་པ་ལྟ་བུའོ། དེ་ཡང་ལུང་ལས། སྐུ་དྲང་སྲོང༌། གསུང་མདོ་སྡེ། ཐུགས་གསང་སྔགས། ཞེས་གསུངས་པ་ལྟར་གང་ཟག་གཅིག་གི་རྒྱུད་ལ་དེ་དག་འགལ་མེད་དུ་བསྒྲུབ་པའི་ཐབས་ཡོད་པ་སྟེ། གང་ཟག་གང་ཞིག་གིས་ཕྱི་སོ་སོར་ཐར་པས་རྒྱུད་བསྡམས། ལམ་གསང་སྔགས་ཐེག་པ་ཆེན་པོ་ལ་གཞུང་དྲངས། བློ་ཕུག་བླ་མེད་རྫོགས་པ་ཆེན་པོར་བློ་གཏོད་པ་ཞིག་ལ་མདོ་སྔགས་ཟུང་འབྲེལ་ལམ་མདོ་སྔགས་རྫོགས་གསུམ་འགལ་མེད་དུ་བསྒྲུབ་པར་བྱེད་པ་ཡོད་པ་བཞིན་ནོ།

དྲ་ཚིགས་འདི་ཡི་ནང་དོན་གྱི་བརྗོད་བྱ་གཙོ་ཁག

བོན་དང་རིག་གཞུང༌། དཔྱད་རྩོམ་དང་སྙན་རྩོམ། རྒྱལ་རབས་དང་ལོ་རྒྱུས། མི་སྣ་དང་གནས་རིས། གསར་ཐོན་གྱི་གནས་ཚུལ་དང་བྱེད་སྒོ། བཀའ་སྒྲོམ་དང་པར་རིས་ཏེ་པེའུ་རྩེ་རྣམ་གསུམ་ལས་སོགས་ཚུད་ཡོད།
འོན་ཀྱང་དྲ་ཚིགས་འདིར་འཁོད་པའི་རྒྱལ་རབས་དང་ལོ་རྒྱུས་དེ་བཞིན་མཆན་ལས་སོགས་གང་བཀོད་པ་ཐམས་ཅད་ངེད་དྲ་བདག་རྣམས་ཀྱི་བསམ་ཚུལ་མཚོན་པའི་ངེས་པ་མེད། དེས་ན་དཔྱད་རྩོམ་དང་སྙན་རྩོམ་ལོ་རྒྱུས་གཏམ་གླེང་ལས་སོགས་ལ་རྣམ་དཔྱོད་ཀྱིས་ཕྱུག་པའི་རྒྱ་ཆེའི་དྲ་སྤྱོད་མཆན་འགོད་པ་པོ་རྣམས་ནས་ཀྱང༌། རྣམ་དཔྱོད་རིག་པའི་གཤོག་པའི་རྩལ་དྲུག་རྒྱ་ཆེའི་བརྗོད་དོན་ཡངས་པའི་དབྱིངས་སུ་གནམ་འཕང་གཅོད་པའི་གཤོག་བསྒྱུར་ངོམས་སུ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད།
འོན་ཀྱང་དྲ་ཚིགས་རྣམས་ཀྱི་ལམ་ལུགས་སྲོལ་དང་མཐུན་པའི་མཆན་དང་རྩོམ་ལས་སོགས་འགོད་པ་ལས། ཕ་རོལ་གྱི་གྲུབ་མཐའ་དང་ཆོས་ལུགས་ལ་དམོད་ཚིག མི་རིགས་ཕན་ཚུན་དབར་གྱི་དབྱེ་འབྱེད། ལུང་ཚན་དབར་གྱི་ཆགས་སྡང་གི་གཏམ། གཏན་ཚིགས་ཁུངས་སྐྱེལ་མེད་པའི་བུད་མེད་ཆུ་ལེན་པའི་འཆལ་གཏམ་ལྟ་བུའི་རིགས་འདིར་འགོད་རྒྱུ་མིན་པས་དེ་དོན་ཐུགས་དགོངས་ཀློང་དུ་ངེས་འཇོག་ཞུ།
དེ་མིན་ངེད་དྲ་ཚིགས་འདིར་ཞང་བོད་རིག་གཞུང་འཚོ་སྐྱོང་ཁང་ནས་སྐུ་པར་བརྒྱ་ཕྲག་ལྷག་གིས་མཐུན་འགྱུར་གནང་བ་དང་དེ་མིན་ངེད་ཚོའི་བྱ་བཞག་གང་ཅིའི་ཐད་ལ་རོགས་འདེགས་གནང་མཁན་ཡོངས་ལ་ངེད་དྲ་ཚིགས་ཚོགས་པ་ཐུན་མོང་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

གཙོ་སྒྲིག་པའི་མཆན།

“གཡུང་དྲུང་བོན་གྱི་དྲ་ཚིགས་”(www.theyungdrungbon.com//)འདི་ནི་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༩ གཤེན་གྱི་འབྱུང་ལྡན་ ༣༠༡ ལྕགས་མོ་ཡོས་ལོའི་བོད་ཟླ་དང་པོའི་ཚེས་ལྔ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་མི་ལོ་༦༥༥འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཉིན་གྱི་སྔ་དྲོ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་གནང་བའི་“གཡུང་དྲུང་བོན་”ཞེས་པའི་བོད་ཡིག་གི་དྲ་ཚིགས་དེ་ཡིན།

10410542_1489675014643200_1849885586206468272_n

Leave a Reply

Your email address will not be published. Required fields are marked *