གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་གསང་བ་རྫོགས་པ་ཆེན་པོའི་སྐོར།

༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ།

དེ་ཡང་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་གང་ཟག་བློ་དབང་པོ་རབ་བམ་དཀའ་སྤྱད་ཀྱི་སྡེ་ལ་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོའི་སྡེ་སྣོད་བསྟན་པ་སྟེ། གོང་དུ་ཕྱི་མཚན་ཉིད་དང་ནང་གསང་སྔགས་ཀྱི་བོན་རྣམས་བོད་ལ་ཇི་ལྟར་དར་ཚུལ་བཞིན་གསང་བ་རྫོགས་པ་ཆེན་པོའི་བོན་སྡེ་ཡང་དེ་དང་ཕལ་ཆེར་དུས་མཉམ་དུ་དར་བར་མངོན་ནོ། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་གསང་འདུས་ཡན་དགོངས་པས་ཐུགས་ནས་ཐུགས་སུ་བརྒྱུད་པ་དང༌། ལྷ་བོན་ཡོངས་སུ་དག་པ་ནས་ཚེ་སྤུངས་ཟླ་བ་རྒྱལ་མཚན་ཡན་གཅིག་གིས་གཅིག་ལ་གྲོ་ སོག་གི་སྦུབས་ནས་ཚིག་གི་སྙན་དུ་རྒྱུད་པའི་རྫོགས་པ་ཆེན་པོའི་གདམས་པ་འདི་དག་བོད་ཡུལ་གངས་ཅན་ལྗོངས་སུ་དར་ཞིང་རྒྱས་ཚུལ་ནི། ས་ཡི་ལེགས་དྲུག་གི་རིང་ལ་གདུང་རྒྱུད་བཅུ་གསུམ་གྱི་བོན་རྣམས་དར་བར་བཤད་པའི་གདུང་རྒྱུད་བཅུ་གསུམ་གྱི་བོན་སྡེའི་ནང་ཚན། ཕ་རྒྱུད་ལུང་ཆེན་དང་ལྟ་བ་རྫོགས་ཆེན་ཞེས་པས་ཀྱང་དཔོག་ནུས་སོ། དེ་ཡང་གནམ་གྱི་ཁྲི་བདུན་གྱི་རྒྱལ་པོ་དེ་དག་གྲོངས་པའི་ཚེ་སྤུར་ས་ལ་མ་བཞག་པར་ ནམ་མཁའ་ལ་འཇའ་ལྟར་ཡལ་ཏེ་ཕྱིན་པའི་ཚུལ་དག་ཀྱང་དོན་དུ་རྫོགས་པ་ཆེན་པོའི་ལྟ་ སྒོམ་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་འཇའ་འོད་དུ་ཡལ་ཏེ་གདོས་ལུས་ཤ་ཁྲག་གི་ ཕུང་པོ་མ་བོར་བར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བཞེངས་པ་སོགས་ཡོད་པས་དེས་ན་ རྒྱལ་པོ་དེ་དག་ཀྱང་ཕལ་ཆེར་དེ་ལྟར་ཡིན་སྲིད། མདོར་ན་ཕྱི་མཚན་ཉིད་ཀྱི་བོན་དང་། ནང་གསང་སྔགས་ཀྱི་བོན་སྡེ་བོད་དུ་ཇི་ལྟར་དར་ཚུལ་ལྟར་གསང་བ་སེམས་ཕྱོགས་རྫོགས་ ཆེན་གྱི་བོན་སྡེ་ཡང་དེ་དང་ཆ་མཚུངས་པར་དར་མོད། རྫོགས་པ་ཆེན་པོའི་གདམས་པ་ནི་དེ་དག་དང་ཅུང་མི་འདྲ་བ་ཡེ་ཉིད་ཀྱི་སྟོན་པ་ཀུན་ ཏུ་བཟང་པོ་ནས་རྒྱལ་བ་དགོངས་རྒྱུད་དགུ་ཡིས། བར་གྱི་གཤེན་པོ་ཉི་ཤུ་རྩ་བཞི་སྟེ། ལ་ཟླའི་གཤེན་པོ་ལྔ། དོན་དྲུག་གི་གཤེན་པོ་དྲུག གདམས་ངག་དགུ་ཡི་གཤེན་པོ་དགུ། མན་ངག་དབུ་རྒྱན་བཞི་ཡི་གཤེན་པོ་བཞི་འམ། འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་བཞི་ལས་སོགས་ཀྱིས་རིམ་པར་གཅིག་ནས་གཅིག་ཏུ་བརྒྱུད་ དེ་ད་བར་གདམས་པའི་བྱིན་རླབས་ཀྱི་ན་བུན་མ་ཡལ་བར་གནས་ཡོད།

མཛད་པའི་བོན་སྡེ་ལའང༌། སྙ་ཆེན་པོ་ལི་ཤུ་སྟག་རིང་གིས་མཛད་པའི་ཡོངས་རྩེ་ཀློང་ཆེན་དང༌། གལ་མདོ་རིག་པའི་ཚད་མ།          མན་ངག་ལུང་གི་ཚད་མའི་འགྲེལ་བ། མཁས་པ་མི་བཞི་ཡིས་མཛད་པའི་བྱང་སེམས་གབ་པའི་འགྲེལ་བ་དང༌། ཤ་རི་དབུ་ཆེན་གྱིས་མཛད་པ་གལ་མདོ་ཏན་ཌ་ཉི་མའི་འཁོར་ལོ། བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་འགྲེལ་བཞི་རིག་པའི་རྒྱ་མཚོ་དང༌། རྣམ་འབྱེད་འཕྲུལ་གྱི་ལྡེ་མིག དེ་བཞིན་ཡེ་ཁྲི་མཐའ་སེལ་དང༌། དྲང་དོན་མུན་སེལ་སྒྲོན་མའི་འགྲེལ་བ། ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་རྩ་འགྲེལ་ལས་སོགས་ཤིན་ཏུ་མང་བར་བཞུགས། དེ་བཞིན་མེ་སྟོན་ཆེན་པོ་ཤེས་རབ་འོད་ཟེར་གྱིས་མཛད་པའི་བྱང་སེམས་གབ་པའི་ འགྲེལ་བ་དང་། ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི། སྙན་རྒྱུད་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ། གཉག་སྟོན་རི་པས་མཛད་པའི་སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན།

གཡོར་པོ་མེ་དཔལ་གྱིས་མཛད་པའི་ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་པ། བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་བྲུ་ཡི་ཕྱག་ཁྲིད། སྒྲོན་མའི་འགྲེལ་བ། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་བྱང་སེམས་གབ་པའི་ འགྲེལ་བ་ལས་སོགས་ཤིན་ཏུ་མང་བར་བཞུགས་སོ།

དེས་ན་མདོ་སྔགས་སེམས་གསུམ་གྱི་བོན་སྐོར་ནི་ཐོག་མར་སྟོན་པ་སངས་རྒྱས་ཀྱིས་ ཐུགས་ཀྱི་ཀློང་དང་ཞལ་དང་བྱིན་གྱིས་རླབས་པ་ལས་སོགས་ཅི་རིགས་ཀྱིས་སྒོ་ནས་ གསུང་པ་ཞིག་དང༌། དེ་ནས་རིམ་པར་བརྒྱུད་ནས་ད་ལྟའི་བར་དུ་དབང་ལུང་མན་ངག་ཁྲིད་གསུམ་གྱི་ཆུ་ རྒྱུན་མ་ཆད་པར་བཞུགས་པའོ། འོན་ཀྱང་རྒྱལ་བློན་གདུག་པ་ཅན་དང་འབངས་མི་གསར་འགྲོགས་ཆེ་བའི་རྐྱེན་གྱིས་བོན་ བསྟན་ལ་སྔ་ཕྱི་བར་གསུམ་དུ་གངས་ཅན་གྱི་ལྗོངས་འདིར་འཕེལ་འགྲིབ་ཀྱི་རིམ་པ་དུ་ མ་ཞིག་བྱུང་མོད། སྔར་བྱོན་རིག་འཛིན་གོང་མ་རྣམས་ཀྱིས་ཐུགས་བསྐྱེད་ཀྱིས་སྨོན་ལམ་དང་། བསྟན་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་མཐུ་སྟོབས་ཀྱིས་ནུས་མཐུ་ལ་བརྟེན་ ཏེ་གཏན་ནས་ནུབ་པར་མ་གྱུར་བ་འདི་ཡང༌། སྤྱིར་འགྲོ་བའི་སྤྱི་མཐུན་གྱི་བསོད་ནམས་དང༌། བྱེ་བྲག་ཏུ་གཤེན་གྱི་བསྟན་ལ་མོས་ཤིང་རྗེས་སུ་འཇུག་པའི་བསོད་ནམས་ཀྱི་མཐུ་ལས་ གྲུབ་པའོ། དེ་ཡང་གཏེར་ལས་དྲངས་པ་དང་སྙན་དུ་བརྒྱུད་པ་སྦས་སྐུངས་ལས་སོགས་ཐབས་ལམ་སྣ་ ཚོགས་ཀྱིས་ལམ་ནས་སླར་ཡང་སྤང་ལ་ཤ་མོང་རྡོལ་བ་བཞིན་དུ་ཡུལ་གྲུ་ཀུན་ཏུ་རྒྱས་ ཤིང་འཕེལ་ཏེ་འགྲོ་བའི་བསོད་བསྐལ་དུ་ཤར་བའོ།

དེ་ནས་མདོ་སྔགས་སེམས་གསུམ་གྱི་ལྟ་བ་མཐར་ཐུག་པ་ཇི་ལྟར་ཡིན་ཞེ་ན།

ཕྱི་མཚན་ཉིད་མདོ་ཡི་ལུགས་ཀྱི་ཐེག་པའི་མཐོ་ཤོས་གཡུང་དྲུང་སེམས་དཔའ་སྤྲོས་ མེད་པའི་ལུགས་ལ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་རྟགས་ཀྱིས་བོན་ཐམས་ཅད་བདེན་མེད་སྤྲོས་ བྲལ་དུ་གཏན་ལ་ཕབས་ཏེ་བོན་ཐམས་ཅད་བདེན་མེད་དུ་སྒྲུབ་པ་དང༌།  དེས་ན་བོན་ཐམས་ཅད་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པ་རྡུལ་ཙམ་དུའང་མ་ གྲུབ་པ་སྟེ། འདུས་བྱས་ཀྱི་བོན་ཐམས་ཅད་རང་གི་རྒྱུ་དང་རྐྱེན་ལས་གྲུབ་ཅིང༌། འདུས་མ་བྱས་པའི་བོན་ཐམས་ཅད་འདོགས་བྱེད་སྒྲ་བློའི་དབང་གིས་གྲུབ་པ་ལས་རང་གི་ རང་བཞིན་གྱིས་གྲུབ་པ་དང་རང་ངོས་ནས་གྲུབ་པའི་བོན་གང་ཡང་མི་འདོད། གཞན་ཡང་བོན་ཐམས་ཅད་ཆ་བཅས་སུ་གྲུབ་ཅིང་རྟེན་ཅིང་འབྲེལ་བ་ཙམ་དུ་གྲུབ་པར་འདོད་ དོ། དེས་ན། མིང་ཙམ་དུ་ཡོད་པ་དང་། ཐ་སྙད་ཙམ་དུ་གྲུབ་པ་དང༌། ཀུན་རྫོབ་ཙམ་དུ་གྲུབ་པ་ལས་སོགས་དོན་གཅིག་པར་འདོད་དོ།

དེ་ལྟར་ཐ་སྙད་བརྟགས་པའི་ཚེ་བོན་གང་ཡང་ཡུལ་གྱི་ངོས་ནས་རྙེད་པར་མི་འདོད་ ཅིང༌། སྣང་བདོ་ཙམ་ན་སྟོང་པ། སྟོང་བདོ་ཙམ་ན་སྣང་བ། ཞེས་པ་སྟེ། ཀུན་རྫོབ་སྣང་བ་ལ་རིགས་པས་དཔྱད་པའི་ཚེ་རང་གི་ངོ་བོ་བདེན་པས་སྟོང་ཞིང་སྣང་བ་ ཙམ་མམ་ཐ་སྙད་ཙམ་ལས་བདེན་པའི་དངོས་པོས་སྟོང་པར་འདོད་པ་དང༌། བདེན་པས་སྟོང་པའམ་དོན་དམ་དེ་ཉིད་ཀྱང་རིགས་པས་དཔྱད་པའི་ཚེ་ན་བརྟག་དོན་བཙལ་ན་ རྙེད་པར་མི་འདོད་ཀྱང༌། ཐ་སྙད་ཙམ་དང་སྣང་བ་ཙམ་དུ་གྲུབ་པ་ཞིག་ཏུ་ཡོད་པར་འདོད་དོ། དེས་ན། སྣང་བ་མེད་ན་ཆད་ལྟ་བ། སྟོང་པ་མེད་ན་རྟག་ལྟ་བ། ཞེས་སྣང་སྟོང་ཟུང་འབྲེལ་དང༌། སྣང་སྟོང་གཉིས་ཚོགས་དང༌། རྟེན་འབྱུང་གི་ལྟ་བ། ཐ་སྙད་ཕྲ་མོ་ལས་སོགས་ཀྱང་འདི་ལྟ་བུ་ཞིག་ལ་བརྗོད་པའོ།

ནང་གསང་སྔགས་ཀྱི་ཐེག་པ་ལའང་ཕྱི་ཡི་ཐེག་པ་དང་ནང་གི་ཐེག་པ་གཉིས་སུ་ཡོད་ཅིང༌།

གསང་སྔགས་ཕྱི་ཡི་ཐེག་པའི་ལྟ་བ་གཏན་ལ་དབབ་ཚུལ་སོགས་ཕྱི་མཚན་ཉིད་ཐེག་པ་དང་ ཆེས་མཐུན་ཆེ་བ་དང༌། གསང་སྔགས་ནང་གི་ཐེག་པའི་ལྟ་བ་གཏན་ལ་དབབ་ཚུལ་སོགས་གསང་བ་རྫོགས་པ་ཆེན་པོའི་ ལྟ་བ་དང་ཆེས་མཐུན་པ་སྟེ། དཔེར་ན། བྱ་རྒྱུད་པའི་གཞུང་ནས་བཤད་པའི་ལྟ་བ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བ་ དང་ཆེས་མཐུན་པར་ཡོད་པ་ལྟ་བུའོ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་ནས་བཤད་པའི་ལྟ་བ་ཉིད་རྫོགས་པ་ཆེན་པོའི་ལྟ་བ་ དང་མཐུན་པར་ལུང་གི་བབས་ལས་ཤེས་ནུས།

འོན་ཀྱང་ཐེག་པའམ་གྲུབ་མཐའི་ཁྱད་པར་མི་འདྲ་བའི་གཞི་གཙོ་བོ་ནི་ལྟ་བའི་ སྟེང་ནས་འབྱེད་དགོས་པ་ལས་དེ་མིན་ཐེག་པའི་ཁྱད་པར་འཇོག་ཚུལ་མེད་པས་དེས་ན་ཐེག་ པ་སོ་སོའི་ལྟ་བའི་ཡིན་ལུགས་མ་ནོར་བར་ཤེས་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེའོ། མདོ་སྔགས་རྫོགས་གསུམ་གྱི་ལམ་གང་ལ་བཞུགས་ཀྱང་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ རྫོགས་པའི་སངས་རྒྱས་ཐོབ་པར་མཉམ་པ་སྟེ། དཔེར་ན་སོ་ནམ་དང་ཚོང་པ་ཇག་པ་གསུམ་ལས་ཕྱུག་པོར་གྱུར་བ་ལྟ་བུ་སྟེ། སོ་ནམ་ཞིང་ལས་པས་ཀྱང་དཔྱིད་ཟླ་བར་ཞིང་ལ་རྨོ་སློག་འཕྲུ་འདེབས་དང༌།

དབྱར་ཟླ་བར་ཡུར་མ་དང་ཆུ་འཆུས་ཏེ་མཐར་སྟོན་གྱི་འབྲས་བུ་ཕུན་སུམ་ཚོགས་པ་ ཐོབ་པ་བཞིན། ཕྱི་མཚན་ཉིད་ཐེག་པའི་ལུགས་ལ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་ སྦྱང་ནས་མཐར་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དོ།  ཚོང་པས་ལ་སྒོའི་ཚོང་ལ་བརྟེན་ནས་ལོ་འགའ་ཞིག་གི་གམ་ཟླ་བ་འགའ་ཤས་ཀྱི་རྗེས་སུ་ ཕྱུག་པོར་འགྱུར་བ་བཞིན། ནང་གསང་སྔགས་ཐེག་པའི་ལུགས་ལ་བསྐལ་ཆེན་མང་པོར་ཚོགས་བསགས་སྒྲིབ་སྦྱོང་མི་ དགོས་པར་སྐྱེ་བ་གྲངས་ནས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པའོ།

ཇག་པས་ཕྱུག་པོའི་ས་ནས་སྐམ་ནོར་དང་ནོར་ཕྱུགས་ལས་སོགས་དུས་གཅིག་ཏུ་ཡོངས་ སུ་འཕྲོག་པར་བྱས་ཏེ་ལོ་དང་ཟླ་བར་དཀའ་བ་སྤྱད་མི་དགོས་པར་ཉིན་གཅིག་ལ་ཕྱུག་ པོར་འགྱུར་བར་བྱེད་པ་བཞིན། བླ་མེད་རྫོགས་པ་ཆེན་པོས་ཀྱང་བསྐལ་བ་དང་སྐྱེ་བ་མང་པོར་བརྒྱུད་མི་དགོས་པར་ཚེ་ གཅིག་ལུས་གཅིག་ལ་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་ནུས་པའོ། མདོ་སྔགས་སེམས་གསུམ་གྱི་མཐར་ཐུག་གི་འབྲས་བུ་ཐོབ་པ་ལ་ཁྱད་མེད་པ། རྗེ་རིན་པོ་ཆེའི་དགོངས་པ་འཁྲུལ་མེད་དུ་རིགས་པར་བྱའོ། དེས་ན་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་འདི་དག་གངས་ལྗོངས་སུ་ཇི་ལྟར་དར་ཚུལ་ རགས་ཙམ་བཤད་པ་ལས་རྣམ་བཤད་རྒྱས་པ་རྒྱ་ཆེ་བའི་ལོ་རྒྱུས་དང་བསྟན་འབྱུང་རྣམས་ སུ་གསལ་བས་ངལ་བ་མ་བྱས་སོ། འོན་ཀྱང་རྣམ་བཤད་མདོར་བསྡུས་འདི་ཡིས་གཞན་སྡེ་ཁ་ཅིག་གིས་རྒྱུ་ཡི་བོན་བཞི་ བོད་ཀྱི་ལྷ་འདྲེ་བསྟན་ཚུལ་དང་ཕྱི་མ་འབྲས་བུའི་བོན་བཞི་འདུལ་མཛོད་ཕར་ཕྱིན་ འདྲ་མིན་བསྒྱུར་བ་དང་། མཐའ་མ་རྫོགས་པ་ཆེན་པོའི་བོན་སྡེ་ནི་རྒྱ་ནག་ཧ་ཤང་གི་ལྷག་མ་ལུས་པ་ཡིན་ཚུལ་ དང༌། གཞན་ཡང་ས་དང་ལམ་ལས་སོགས་ལས་འབྲས་སྟོན་པའི་ཕྱི་ནང་གསང་གསུམ་གྱི་བོན་སྒོ་འདི་ དག་དུས་རབས་བཅུ་པ་ནས་བྱུང་ཚུལ་བཤད་པ་དག་བོན་གྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་ པས་མ་ཟད་རང་ལྟར་ཆགས་ཤིང་གཞན་ལྟར་སྡང་པའི་ལྟ་ཚུལ་ལས་དོན་དངོས་དང་མཐུན་པ་ནམ་ ཡང་མིན། དེས་ན་དཔེ་ཐོག་ཏུ་བྲོ་བརྡུང་གི་ཤེས་རློམ་མི་བྱ་བར་རྒྱ་ཆེ་བའི་བོན་གྱི་གཞུང་ ལུགས་དང་ལོ་རྒྱུས་ལ་འདྲིས་པ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། རྫོགས་པ་ཆེན་པོའི་བོན་སྡེ་ཡང་དུས་རབས་བརྒྱད་པའི་ཡར་སྔོན་དུ་ཡོད་པ་སྟེ། འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་བཞི་དེ་དག་དུས་རབས་བརྒྱད་པའི་ཡར་སྔོན་དུ་བྱུང་ ཟིན་ཅིང་དེ་དག་ཐམས་ཅད་རྫོགས་པ་ཆེན་པོའི་བོན་ཉམས་སུ་བླངས་པ་ལ་བརྟེན་ནས་སྐུ་ གསུམ་གྱི་གོ་འཕང་བརྙེས་པ་ཤ་སྟག་གོ། འདི་ལྟར་གྱི་རགས་བཤད་ཅིག་འབྲི་དགོས་ཤེས་གཡུང་དྲུང་བོན་གྱི་དྲྭ་རྒྱའི་དོ་དམ་ པ་ནས་བསྐུལ་མ་གནང་བ་བཞིན་ཕྲལ་དུ་སྨན་རི་བ་འཕྲིན་ལས་ཉི་མས་བྲིས་པ་དགེའོ།།