གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸གདན་ས་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་ ༦ པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགོས་དགེ་དུ་མ་ཞིག་ལ་དམིགས་ནས། འཆར་ཅན་ལྟར་ཟླ་རེེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་བཤད་ཁྲིད་གླེང་སྟེགས་ཆེན་མོ་ཞིག་གཏན་འབེབ་གནང་བ་བཞིན། གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོའི་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་། དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར།

དེ་རིང་སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠ ༧ པའི་སྤྱི་ཚེས་ ༢༤ དང་། བོད་ཟླ་ ༠༦ པའི་བོད་ཚེས་ ༠༦ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༥ : ༣༠ ཐོག གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་དབུ་བཞུགས་ཐོག་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་དང་། སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་གླིང་གི་སློབ་དཔོན་མཆོག བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཐོག བཤད་སྒྲུབ་འདུས་སྡེའི་དྲུང་ཡིག་སངས་རྒྱས་དོན་གྲུབ་ལགས་ཀྱིས་གཙོ་སྐྱོངས་གནང་སྟེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་བོད་ཟླ་བ་ ༦ པའི་བགྲོ་གླེང་དབུ་འཛུགས་གནང་བ་དང་།

བཀའ་རམས་པ་མེ་ཉག་དྲི་མེད་གཡུང་དྲུང་ལགས་ཀྱིས་ ཁོར་ཡུག་བསྲུང་སྐྱོབ་དང་འཕྲོད་བསྟེན་སྐོར་གླེང་བཞིན་པ།

དེ་ཡང་གཏམ་བཤད་པ་དང་པོ་བཀའ་རམས་པ་མེ་ཉག་དྲི་མེད་གཡུང་དྲུང་ལགས་ཀྱིས《ཁོར་ཡུག་བསྲུང་སྐྱོབ་དང་འཕྲོད་བསྟེན་སྐོར་》ཞེས་པའི་བརྗོད་གཞིའི་ཐོག ཁོར་ཡུག་སྲུང་སྐྱོབ་སྐོར། གཙང་སྦྲ་འཕྲོད་བསྟེན་སྐོར། ཟ་ཉལ་འགྲོ་འདུག་སྤྱོད་ལམ་སྐོར། བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་པ་རེད།

སློབ་གཉེར་བ་གཡུང་དྲུང་ཉི་མ་ལགས་ཀྱིས་ཡང་སྙིང་ཞང་ཞུང་དེ་ཉིད་བཙན་པོ་སུས་བོད་ཁོངས་སུ་བསྡུས་པ་ཡིན་མིན་སྐོར་གཏམ་བཤད་གནང་བཞིན་པ།

དེ་རྗེས་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་ཉི་མ་ལགས་ཀྱིས་《ཡང་སྙིང་ཞང་ཞུང་དེ་ཉིད་བཙན་པོ་སུས་བོད་ཁོངས་སུ་བསྡུས་པ་ཡིན་ནམ།》ཞེས་པའི་བརྗོད་གཞིའི་ཐོག དང་པོ། ཞང་ཞུང་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་ས་གནས་ཀྱི་ཁྱབ་ཁོངས་སྐོར། གཉིས་པ། ཞང་ཞུང་ཁྲི་སྲོང་གིས་དབང་དུ་བསྡུས་པར་འཁོད་པ། གསུམ་པ། ཞང་ཞུང་སྲོང་བཙན་གྱིས་དབང་དུ་བསྡུས་པའི་སྐོར་འཁོད་པ། བཞི་པ། དོན་ཡང་སྙིང་ཞང་ཞུང་དབང་དུ་བསྡུ་མཁན་སུ་ཡིན་གྱི་ཁུངས་དཔང་ཅེས་སྡེ་ཚན་བཞིའི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད།

སློབ་གཉེར་བ་གཡུང་དྲུང་སྐལ་བཟང་ལགས་ཀྱིས་མཆོད་མེའི་སྐོར་ལ་གཏམ་བཤད་གནང་བཞིན་པ།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་གཡུང་དྲུང་སྐལ་བཟང་ལགས་ཀྱིས་《མཆོད་པ་སྣ་ལྔའི་ནང་ཚན་བྱེ་བྲག་མཆོད་མེའི་སྐོར་གྱི་ངོ་སྤྲོ་རགས་ཙམ་ཞུ་བ།》ཞེས་པའི་བརྗོད་གཞིའི་ཐོག  དང་པོ། མར་མེ་འབུལ་བའི་ཁུངས།  གཉིས་པ། ཀོང་བུ་བཟོ་རྒྱུའི་རྒྱུ་ཆ། གསུམ་པ། མཆོད་མེའི་སྡོང་རས།  བཞི་པ། སྡོང་བུའི་ཁྱད་པར། ལྔ་པ།      སྣུམ་གྱི་རྒྱུ་ཆ། དྲུག་པ། མཆོད་མེ་ཐོག་མར་སྤར་དུས་ཀྱི་བསམ་བློ། བདུན་པ། མཆོད་མེ་ཕུལ་བའི་ཕན་ཡོན་བཅས་སྡེ་ཚན་བདུན་གྱི་སྒོ་ནས་གཏམ་བཤད་གནང་ཡོད་པ་དང་། 

དེ་རྗེས་དྲི་བ་དྲི་ལན་སྐར་མ་ ༡༥ གནང་མཐར་། ཕྱི་དྲོའི་དུས་ཚོད་ ༠༧ པའི་ཐོག་བོད་ཆུ་མོ་ཡོས་ལོའི་བོད་ཟླ་ ༦ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤེལ།