གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་མཇུག་གྲུབ་པ།

དེ་ཡང་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་ གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཙོས། ཐུན་མོང་དང་ཐུན་མིན་གྱི་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་གནང་ཆེད་ ༡༩༧༨ ལོར་ ༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བཙུགས་ནས་རིམ་བཞིན་ཡར་རྒྱས་དང་ཚགས་ཚུད་གང་ལེགས་བཏང་ཞིང་། བར་ལམ་ནས་དགེ་དགོས་དུ་མར་གཟིགས་ཏེ་དེང་དུས་སློབ་གྲྭ་སྤྱིའི་ལམ་ལུགས་ལྟར་ཡིག་ཚད་དམ་རྒྱུགས་སྤྲོད་ཀྱི་ལམ་སྲོལ་གསར་འཛུགས་བྱས་ཤིང་ལོ་རེར་ཟླ་དྲུག་སྔ་ཕྱིའམ་ལོ་ཕྱེད་དང་ལོ་འཁོར་གྱི་ཡིག་རྒྱུགས་གཉིས་རེ་བཏང་གནང་གི་ཡོད་པ་བཞིན།

འདི་ལོ་སྟེ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༠ ཆུ་མོ་ཡོས་ལོའི་སྨན་རིའི་བཤད་སྒྲུབ་སློབ་གཉེར་བ་དང་། བཙུན་དགོན་རདྣ་སྨན་གླིང་གི་བཤད་སྒྲུབ་སློབ་གཉེར་བ། དེ་བཞིན་སྨན་རིའི་གཞི་རིམ་སློབ་གཉེར་བ་བཅས་ཀྱི་ལོ་འཁོར་ཡིག་རྒྱུགས་དེ་ཉིད་བོད་ཟླ་ ༡༡ པའི་ཚེས་ ༡༧ དང་ ༡༨ སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ པའི་ཚེས་ ༢༨ དང་ ༢༩ སྟེ་ཉིན་གཉིས་ཀྱི་རིང་བཏང་གནང་ཞིང་། ཡིག་རྒྱུགས་སྐབས་༸སྐྱབས་རྗེ་སྨན་རིའི་༸མཁན་སློབ་རྣམ་གཉིས་དངོས་སུ་རྒྱུགས་རར་ཆིབས་སྒྱུར་གྱིས་གཟིགས་རྟོགས་གནང་ཡོད་པ་རེད།

དེ་ཡང་ཡིག་རྒྱུགས་གཏོང་ཕྱོགས་ཐད་དཔལ་ལྡན་སྨན་རིའི་བླ་སྤྱི་དབུས་སྨན་རིའི་དགེ་བཤེས་དག་གིས་ཐུགས་འགན་བཞེས་ཐོག རྒྱུགས་སྤྲོད་གཏང་ཕྱོགས་གསལ་བསྒྲགས་སྔོན་སོང་ལྟར། འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་སྤེལ་མར་བཞུགས་གྲལ་དུ་འཁོད་དགོས་པ་དང་། དེ་ཡང་རྒྱུགས་རར་བྲིས་གདན་དང་ཕྱག་སྨྱུག་མ་གཏོགས་། གཞན་ཤོག་རིགས་སོགས་འཁྱེར་མི་ཆོག་པ་དང་། རྒྱུགས་རར་འཛུལ་སྐབས་སློབ་གཉེར་རེ་རེ་བཞིན་ལུས་བཤེར་གྱིས་འཛུལ་དགོས་ཤིང་། རྒྱུགས་རར་སླེབས་རྗེས་ཐེངས་འདིའི་ཡིག་རྒྱུགས་ཆེད་སྤྱོད་ཤོག་བུ་འགྲེམ་སྤེལ་གྱིས་ཡིག་རྒྱུགས་ཀྱི་སྒྲིག་གཞི་གཞིར་བཟུང་ཐོག་བཏང་གནང་ཡོད་།

ཉིན་དང་པོར་བཙུན་དགོན་རདྣ་སྨན་གླིང་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་འཛིན་གྲྭ་སོ་སོའི་རྩ་གཞུང་དང་། ཉིན་གཉིས་པར་གཞུང་འགྲེལ་ཁག་གི་རྒྱུགས་སྤྲོད་ཡིན་ལ། གཞི་རིམ་སློབ་གཉེར་བ་རྣམས་སུམ་རྟགས་དག་གསུམ་དང་། དབྱིན་བོད་གཉིས་ཀྱི་སྐད་ཡིག་བཅས་འཛིན་རིམ་སོ་སོའི་སློབ་ཚན་ལྟར་རྒྱུགས་སྤྲོད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས། སྤྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༩ ཉིན།

པར་པ། མཚན་ཉིད་རྒན་ལགས་དགེ་བཤེས་བསོད་ནམས་རིན་ཆེན་དང་དཔོན་རྒོད་དགེ་བཤེས།

གནས་ཚུལ་གོང་མའི་ནང་མཚན་ཉིད་མཁན་ཟུར་དགེ་བཤེས་གཤེན་བསྟན་རབ་གསལ་གྱིས་བྲིས་གནང་བའི་ཡིག་རྒྱུགས་བཏང་ཕྱོགས་སྐོར་ཡོད་པ་དེར་གཟིགས་འདོད་ཚེ་འདིར་ནོན།