གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་དང་ཚན་རིག་གཉིས་ཕྱོགས་ནས་ཚེ་རིང་ཐུང་གི་འབྱུང་རྐྱེན་སྐོར་རགས་བཤད་ཙམ་གླེང་བ།

རང་གཞན་ཚང་མས་མཁྱེན་གསལ་ལྟར། སྲོག་ལྡན་གྱི་འགྲོ་བ་འགའ་ཞིག་ཚེ་རིང་པོར་གནས་པ་དང་། ཡང་འགའ་ཞིག་ཚེ་ཐུང་ངུ་ཙམ་ཞིག་མ་གཏོགས་གནས་མི་ཐུབ་པ། ལ་ལ་དུས་ལ་བབ་ནས་འཆི་བར་འགྱུར་བ་དང་། ལ་ལ་དུས་ལ་མ་བབ་ཀྱང་དུས་མིན་གྱི་འཆི་བ་སོགས་ནི། མིག་མཐོང་ལག་ཟིན་དུ་གྱུར་པས་དམིགས་བསལ་དེའི་སྐོར་འགྲེལ་བརྗོད་དགོས་པ་མ་མཐོང་། འོན་ཀྱང་ཚེ་ཚད་རིང་ཐུང་ཇི་ལྟར་འབྱུང་མིན་གྱི་སྐོར་ལ། ནང་པའི་ངོས་ནས་ནང་དོན་རིག་པའི་གཞུང་དང་གསོ་བ་རིག་པའི་གཞུང་གཉིས་དང་འབྲེལ་ཏེ་གསུང་སྲོལ་ཡོད་ཀྱང་འདིར་ནང་དོན་རིག་པའི་གཞུང་གི་གསུང་སྲོལ་དང་། ཚན་རིག་པའི་ངོས་ནས་ཕྱི་ཡི་འཕྲོད་བསྟེན་གཙོ་བོར་བྱས་ནས་བཤད་སྲོལ་ཡོད་པ་དེ་རྣམས་འདིར་ཅུང་ཙམ་གླེང་བར་སྤྲོའོ། དང་པོ་ནང་པའི་གསོ་རིག་གཞུང་གི་བཤད་སྲོལ་རེ་ཞིག་ཟུར་དུ་བཞག་ནས་ད་ལན་སྐབས་སུ་བབ་པ་ནང་ཆོས་ཀྱི་སྙིང་པོ་མདོ་སྔགས་སེམས་གསུམ་ཡིན་པས་དེ་དང་འབྲེལ་ཏེ་འཆད་པར་བྱ་བ་ལ། དང་པོ་སྤོང་ལམ་མདོ་ཡི་ལུགས་ལྟར་ན། གཙོ་བོ་ལས་འབྲས་ཀྱི་རྣམ་གཞག་གཙོ་བོར་བཟུང་ནས་འགྲེལ་བརྗོད་གནང་བའི་ཚུལ་ནི་འདི་ལྟར་ཏེ། བསད་བསད་པ་ཚེའི་ལན་ཆགས་ཞེས་པ། གལ་སྲིད་ཁྱེད་ཀྱིས་སྐྱེ་བ་སྔོན་མར་སྲོག་གཅོད་ཀྱི་ལས་མང་པོ་ཞིག་བྱས་ཡོད་ན། ཚེ་འདིར་ཁྱེད་རང་ཚེ་ཐུང་དུ་འགྲོ། གལ་སྲིད་ཁྱེད་ཀྱིས་སྐྱེ་བ་སྔོན་མར་ཉེས་མེད་ཀྱི་སེམས་ཅན་ལ་བརྡུང་བརྡེག་གི་ལས་མང་པོ་བྱས་ཡོད་ན། ཚེ་འདིར་ཁྱེད་རང་ལ་ན་རྒྱུ་དང་ཚ་རྒྱུ་མང་པོ་འོང་། གལ་སྲིད་ཁྱེད་རང་གིས་སྐྱེ་བ་སྔོན་མར་གཞན་གྱི་རྒྱུ་ནོར་འཕྲོག་བཅོམ་གྱི་ལས་མང་པོ་བྱས་ཡོད་ན། ཚེ་འདིར་ཁྱེད་རང་དབུལ་འཕོངས་ཀྱི་སྡུག་བསྔལ་གྱིས་མནར་དགོས་པ་དེ་རྣམས་འབྱུང་། དེ་བཞིན་སྲོག་གཅོད་སྤངས་བས་ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། སྲོག་གཅོད་ཀྱི་ལས་བྱས་པས་ཚེ་ཐུང་དུ་འགྱུར། མ་བྱིན་ལེན་པ་སྤངས་བས་ནོར་གྱི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། མ་བྱིན་པ་བླངས་པས་དབུལ་པོར་འགྱུར། འདོད་ལོག་སྤངས་བས་དབང་པོ་གཙང་ཞིང་རྫུས་ནས་སྐྱེ་བར་འགྱུར་བ་དང་། འདོད་པས་ལོག་པར་གཡེམ་པས་མཛེ་ནད་དང་དམུ་ཆུའི་ནད་ཀྱིས་གདུང་བར་འགྱུར། རྫུན་སྤངས་བས་ངག་བཙུན་ཞིང་ཀུན་གྱིས་ཡིད་ཆེས་ཀྱི་གནས་སུ་འགྱུར་བ་དང་། རྫུན་སྨྲས་པས་ལྐུགས་པར་འགྱུར། ཕྲ་མ་སྤངས་པས་ངག་སྙན་ཞིང་གང་འདོད་པའི་གྲོགས་དང་འཕྲད་པར་འགྱུར་བ་དང་། ཕྲ་མ་བྱེད་པས་གཉེན་དང་གྲོགས་ཀུན་བྲལ་བར་འགྱུར། ངག་འཁྱལ་སྤངས་པས་ཞི་དལ་བདེན་པའི་དོན་དང་མཐུན་པར་སྨྲ་བར་འགྱུར་བ་དང་། ངག་འཁྱལ་བཤད་པས་ལུས་ངག་ཡིད་གསུམ་དིག་ལྐུགས་ཀྱི་རང་བཞིན་ཅན་དུ་འགྱུར། ཚིག་རྩུབ་སྤངས་བས་གང་སྨྲས་བོན་གྱི་སྒྲ་རུ་འགྱུར་ཅིང་གཞན་ལ་ཕན་པར་འགྱུར་བ་དང་། ཚིག་རྩུབ་བརྗོད་པས་ཐམས་ཅད་སྡང་བའི་དགྲ་རུ་འགྱུར། བརྣབ་སེམས་སྤངས་བས་བསམ་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་དང་། བརྣབ་སེམས་བྱེད་པས་བསམ་དོན་མཐར་མི་ཕྱིན། གནོད་སེམས་སྤངས་བས་ཐམས་ཅད་གྲོགས་སུ་འགྱུར་བ་དང་། གནོད་སེམས་བཅངས་བས་ཅི་བསམ་འགྲུབ་མི་འགྱུར། ལོག་ལྟ་སྤངས་བས་བཀའ་རྒྱུད་བླ་མ་ཚད་ལྡན་དང་འཕྲད་པར་འགྱུར་བ་དང་། ལོག་པར་ལྟ་བས་རྟག་ཆད་གཉིས་ཀྱི་མཐའ་ལ་ལྷུང་བར་འགྱུར་རོ། དེ་ལ་ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་ཟ། རང་གིས་ལས་བྱས་རང་ལ་སྨིན་ཞེས་བྱ་བ་ཡིན་ནོ། གཉིས་པ་བསྒྱུར་ལམ་སྔགས་ཀྱི་ལུགས་ལྟར་ན། ལས་འབྲས་ལ་ལྟོས་དགོས་པ་བདེན་ནའང་། ཚེ་ཚད་རིང་ཐུང་སོགས་ཡོང་དགོས་དོན་གཞན་ཞིག་ནི།གཙོ་བོ་རང་གི་རྒྱུད་ཀྱི་རྩ་རླུང་ཐིག་གསུམ་ལ་རགས་ལས་པ་ཞིག་ཀྱང་ཡིན་པར་གསལ་བ།  གསང་བ་ཨ་དཀར་ཐེག་པའི་ཡང་རྩེ་གསང་ཆེན་མ་རྒྱུད་ཀྱི་ལུགས་སུ་བྱས་ནས་འཆད་ན་འདི་ལྟར་ཏེ། རང་ལུས་རྒྱལ་བའི་དཀྱིལ་འཁོར་འདིའི་ནང་དུ་རྩ་ཉི་ཁྲི་བདུན་འབུམ་དུ་གནས་པ་ཡིན་ལ། དེའི་ནང་ནས་རྩ་ཡི་གཙོ་བོ་གསུམ། དེ་གསུམ་གྱི་ནང་ནས་ཀྱང་ཡེ་ཤེས་མཐུ་ལས་གྲུབ་པའི་དབུས་མཐིང་བསམ་གཏན་གྱི་རྩ་ཞེས་བྱ་བ། དེ་ཡི་རྩ་སྣེ་རིང་ཐུང་གི་ཁྱད་པར་གྱིས་ཚེ་རིང་ཐུང་དང་། ཕྲ་སྦོམ་གྱི་ཁྱད་པར་གྱིས་བསོད་ནམས་ཆེ་ཆུང་། ཡངས་དོག་གི་ཁྱད་པར་གྱིས་ཡེ་ཤེས་འཕེལ་འགྲིབ། དྲང་འཁྱོག་གི་ཁྱད་པར་གྱིས་བཟང་ངན་གྱི་རྣམ་པ། རྩ་མདུད་གྲོལ་མ་གྲོལ་གྱི་ཁྱད་པར་གྱིས་རྫུ་འཕྲུལ་དང་མངོན་ཤེས་སོགས་སྟོན་ནུས་དང་མི་ནུས་ཀྱི་ཁྱད་པར་འབྱུང་བ་ཡིན་པར་གསུངས་སོ། དེར་མ་ཟད་མཚེར་རྩ་ཁྲག་གིས་གང་ན་མྱུར་དུ་འཆི་བར་འགྱུར་བ་དང་། འོད་ཀྱི་རྩ་ལྔ་འགག་ན་གླེན་པར་འགྱུར་བ་དང་། དྭངས་མའི་རྩ་ལྔ་ཞར་ན་ལྐུགས་པར་འགྱུར་བ་དང་།རླུང་རྩ་མཁྲིས་པས་གང་ན་དྲན་མེད་དུ་བརྒྱལ་བར་འགྱུར་བ་དང་། སྦག་རྩ་ཁྲག་གིས་གང་ན་གཉིད་པར་འགྱུར་བ་དང་། སྲོག་རྩར་རླུང་ཞུགས་ན་སྨྱོས་པར་འགྱུར་བ་དང་། ཡེ་ཤེས་ཀྱི་རྩ་སྒོ་འགག་ན་གཤིས་ཀྱི་ཡིན་ལུགས་འཇལ་བའི་རིག་པའི་ཡེ་ཤེས་ལ་སོགས་འཆར་མི་སྲིད་པ་འགག་པར་འགྱུར་བ་ཡང་གསུངས་སོ། དེ་དང་མཚུངས་པར་ཚེ་རིང་ཐུང་གི་ཁྱད་པར་ཡོང་དགོས་དོན་གྱི་རྒྱུ་མཚན་གཞན་གང་ཞིག་ཡོད་དམ་ཞེ་ན། འདི་ལ་གསང་སྔགས་མ་རྒྱུད་ཀྱི་དགོངས་དོན་དང་འབྲེལ་ཏེ་རླུང་གི་རྣམ་གྲངས་དང་བསྟུན་ནས་འཆད་ན་འདི་ལྟར་ཡིན་ཏེ། རང་ལུས་རྒྱལ་བའི་དཀྱིལ་འཁོར་འདིའི་ནང་། རླུང་གི་རྣམ་གྲངས་ལ་རྒྱས་པར་བྱེད་ན་ཉི་ཤུ་རྩ་ལྔ་དང་བརྒྱད་ཁྲི་བཞི་སྟོང་། འབྲིང་པོར་བྱེད་ན་ལྷན་སྐྱེས་ཀྱི་རླུང་དགུ་དང་། བཞི་བཅུ་རྩ་ལྔ་དང་། ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ། བསྡུས་པའི་དབང་དུ་བྱས་ན་རླུང་གསུམ་གྱི་རྣམ་བཞག་སོགས་དུ་མ་ཞིག་ཡོད་པར་གསུངས་ལ། དེ་དག་གི་ནང་ནས་ལྷན་སྐྱེས་ཀྱི་རླུང་དགུ་ཞེས་པ། བོན་ཉིད་ཀྱི་དབྱིངས་རླུང་། ཡེ་ཤེས་ཀྱི་བདེ་རླུང་། རིག་པའི་རང་རླུང་། ཡིད་ཀྱི་རྟ་རླུང་། ལས་ཀྱི་ཤུགས་རླུང་། ཉོན་མོངས་པའི་རྩུབ་རླུང་། འདུ་བའི་འཁྲུག་རླུང་། སྲིད་པའི་སྟོབས་རླུང་། བསྐལ་པའི་འཇིག་རླུང་དང་དགུ་རུ་གྲགས་པ་སྟེ། དེ་རེ་རེ་ལ་ཉིས་སྟོང་བཞི་བརྒྱ་རེ་བརྩིས་པས་ལྷན་སྐྱེས་ཀྱི་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་གང་ཟག་གཅིག་ལ་ཉིན་ཞག་ཕྲུག་གཅིག་ལ་སྣ་ནས་རྒྱུ་བ་ཡིན། དེ་དག་རྒྱུ་ཤས་ཆེ་ཆུང་དང་མང་ཉུང་དང་ཆད་ལྷག་སོང་བའི་ཁྱད་པར་གྱིས། བདེ་གསལ་མི་རྟོག་པའི་ཉམས་ལ་འཕེལ་འགྲིབ་དང་། དེ་བཞིན་རྣམ་རྟོག་གི་གཡོ་འཁྲུག་དང་། ཉོན་མོངས་ལ་འཕེལ་འགྲིབ་དང་། བདེ་སྡུག་གི་འབྱུང་རྐྱེན་དང་། ན་བ་དང་རྒས་པ་དང་། ཚེ་རིང་ཐུང་ལ་སོགས་པ་ཐམས་ཅད་དེ་ལ་བརྟེན་ནས་བྱུང་བ་ཡིན་པ་རྒྱུད་ཀྱི་རྩ་འགྲེལ་རྣམས་ལ་གཟིགས་ཐུབ་ན་ཤེས་པར་སླའོ། མདོར་ན་རྩ་རླུང་ལ་རང་དབང་ཐོབ་ན། ཚེ་རིང་བ་ཙམ་དུ་མ་ཟད། མི་ཐུབ་པ་ཐམས་ཅད་འདི་ཡིས་ཐུབ་པ་དང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ཐམས་ཅད་ཀྱང་འདི་ཡིས་འགྲུབ་ནུས་པ་ཡང་གསུངས་སོ། སྔོན་བྱོན་གྱི་རིག་འཛིན་གྲུབ་ཆེན་བརྒྱད་བཅུ་ལ་སོགས་པ་དེ་རྣམས་རྩ་རླུང་ཐིག་གསུམ་ལ་རང་དབང་ཐོབ་པའི་རྒྱུ་མཚན་ལ་བརྟེན་ནས་འཆི་མེད་ཚེ་ཡི་རིག་འཛིན་གྱི་སྐུ་རུ་གྲུབ་ནས་སྐུ་ཚེ་རིང་པོ་བཞུགས་པར་ངེས་སོ། གསུམ་པ་གྲོལ་ལམ་སེམས་ཕྱོགས་ཀྱི་ལུགས་ལྟར་ནའང་། སྤྱིར་འཆི་མེད་སྐྱེས་ནས་བཙན་པའི་གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་མངོན་དུ་གྱུར་པས་ཚེ་རིང་པོར་གནས་པར་གདོན་མི་ཟ་ནའང་། ཁྱད་པར་རྩ་རླུང་གི་གནད་འདི་ལ་རགས་ལས་པ་ཡང་ཤིན་ཏུ་གསལ་བ་སྟེ། བླ་ཆེན་དྲན་པ་ནམ་མཁས། རླུང་ལ་ཡང་ལྔ་རུ་འདུས་ཏེ། སྤྱི་བོ་རུ་ནམ་མཁའི་རླུང་རྒྱུ། མགྲིན་པར་རླུང་གི་རླུང་རྒྱུ། སྙིང་ཁར་སའི་རླུང་རྒྱུ། ལྟེ་བར་མེའི་རླུང་རྒྱུ། རླུང་སྒོར་ཆུའི་རླུང་རྒྱུ། དེ་ལ་ཕྱེ་ན་རླུང་སུམ་བརྒྱ་དྲུག་བཅུར་རྒྱུ་སྟེ། དེ་ཡང་སུམ་བརྒྱ་དྲུག་བཅུ་ལ། དེ་ཉིན་ཞག་ཕྲུག་གཅིག་ལ་རྒྱུ་སྟེ། དེ་ཡང་ཕྱེས་ནས་ཞིབ་ཏུ་བརྩིས་ན། སུམ་བརྒྱ་དྲུག་བཅུ་པོ་ཚན་ཚན་བཅུ་གཉིས་རེ་རེ་ཉིན་ཞག་ཕྲུག་རེ་རྒྱུ་སྟེ། ཞག་གཅིག་ལ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། དེ་ཡང་ཡེ་ཤེས་བག་ལ་ཉལ་ནས་ཉོན་མོངས་པ་ཤས་ཆེར་སྡོང་ནས་རྒྱུའོ། ཚེ་རིང་ཐུང་གི་ཚད་ཀྱང་དེ་ལས་འབྱུང་སྟེ། ཚེ་ཐུང་པ་རྣམས་ལ་དེ་བས་རླུང་མང་དུ་རྒྱུ་ལ། ཚེ་རིང་བ་རྣམས་ལ་དེ་བས་ཉུང་དུ་རྒྱུའོ། རླུང་རྒྱུ་བའི་ཚད་ཀྱང་དེ་རྣམས་ལྟར་རྒྱུའོ། ཞེས་གསུངས་པ་ལྟར་རོ། སྔོན་བྱོན་ཨ་སྙན་རྫོགས་གསུམ་དང་བླ་མེད་རྫོགས་པ་ཆེན་པོ་གཞུང་ཆེན་སྡེ་བཞིའི་བརྒྱུད་པ་འཛིན་པའི་གྲུབ་ཆེན་གོང་མ་རྣམས་དང་། དེ་བཞིན་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་གྱི་རིག་པ་འཛིན་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱང་སྐུ་ཚེ་རིང་པོར་བཞུགས་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ལག་ཕྱད་པར་མཛད་པ་དེ་ཡང་། ཁྱད་པར་རླུང་སེམས་གྱི་གནས་ལ་རང་དབང་ཐོབ་ནས་བྱུང་བ་ཞིག་ཡིན་པ་རྩོད་པ་དང་བྲལ་ལོ། རྩ་བའི་ས་བཅད་གཉིས་པ་ཚན་རིག་གི་ངོས་ནས་ཚེ་རིང་ཐུང་གི་ཁྱད་པར་ལོ་རྒྱུས་དང་འབྲེལ་ཏེ་དཔེ་མཚོན་ཙམ་ཞིག་ཞུས་ན་འདི་ལྟར་ཏེ། འཛམ་གླིང་འདིའི་ནང་ཚེ་ཚད་རིང་བའི་མི་རིགས་འཚོ་གནས་ཀྱི་རྒྱལ་ཁབ་གྲགས་ཆེ་བ་ཧོང་ཀོང་དང་ཉི་ཧོང་སུའིཊ་ཛར་ལེན་སིང་གྷ་པུར་བཅས་ཡིན། ཉི་ཧོང་ལྟ་བུར་མཚོན་ན་རྒྱལ་ཁབ་དེའི་ནང་རང་ལོ་བརྒྱ་ལོན་མཁན་དང་བརྒྱ་ལས་བརྒལ་བ་བཞུགས་མཁན་གྱི་མི་གྲངས་ཡོངས་བསྡོམས་དྲུག་ཁྲི་བརྒྱད་སྟོང་༦༨༠༠༠ཙམ་ཡོད་པར་གྲགས། དེ་དག་གི་ནང་ནས་བརྒྱ་ཆ་༨༨ཙམ་བུད་མེད་ཆགས་ཡོད། འཛམ་གླིང་ནང་གི་ཚེ་ཚད་ཧ་ཅང་རིང་བའི་བུད་མེད་ཉི་ཧོང་ནས་ཡིན་པ་མིང་ལ་Kane Tanaka ཀེན་ཏ་ན་ཀ་ཟེར། ཨ་མ་དེ་ཕྱི་ལོ་༡༩༠༣ཟླ་བ་༡ཚེས་༢ཉིན་སྐྱེས། ད་ལྟ་ཕྱི་ལོ་༢༠༢༠བར་འཛམ་གླིང་འདི་ཡི་རྒྱན་དུ་འཚོ་ཞིང་བཞུགས། ད་ལྟ་རང་ལོ་༡༡༧ཡིན།  ཉི་ཧོང་གི་ནང་དུ་ཡོད་པའི་སྨན་ཁང་ཞིག་ཏུ་འཁྲུངས་སྐར་སྲུང་བརྩི་ཞུས། རྒྱལ་ཁབ་དེར་མི་རྣམས་ཚེ་ཚད་རིང་པོ་དེ་འདྲ་ཐུབ་པའི་རྒྱུ་མཚན་གང་ཞིག་ཡིན་ནམ་ཞེ་ན། ཚན་རིག་པས་དེའི་སྐོར་འགྲེལ་བརྗོད་གནང་སྲོལ་ལ། ཁམས་དང་མཐུན་པའི་ཟས་ཀྱི་འཕྲོད་བསྟེན་ཤེས་པ། འཆར་ཅན་ལུས་སྦྱོང་ལ་དོ་ཁུར་ཟབ་པ། ལོ་རེའི་ནང་ལས་ཀ་རྒྱུན་སྲིང་དང་རྒྱ་སྐྱེད་གནང་བ། གཞུང་གི་ངོས་ནས་དམིགས་བསལ་གྱིས་འཕྲོད་བསྟེན་ལ་བསྐུལ་གཅག་དང་རོགས་སྐྱོར་བྱེེད་པ་བཅས་ཀྱི་ཐུགས་རྗེ་དང་བཀའ་དྲིན་ཡིན་ཟེར།

༧སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་ཐེམ་སྤང་བཀའ་རྒྱའི་དུས་བཅད་དང་བསྟུན་ནས་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས།