གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྫོགས་ཆེན་གཞུང་ཆེན་སྡེ་བཞིའི་ནང་ཚན་ཡེ་ཁྲི་དང་སྙན་རྒྱུད་གཞུང་གི་དཀའ་གནད་མདོར་ཙམ།

སྤྱི་རྒྱུད་ཆེན་མོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་བམ་པོ་དང་མཆོང་གི་སྐོར།

ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་གི་དགོངས་དོན་ལྟར། སྤྱི་རྒྱུད་ཆེན་མོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་འདིའི་བརྒྱུད་རིམ་གྱི་དབང་དུ་བྱས་ན།  དང་པོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་སྟོན་པ་ཀུན་ཏུ་བཟང་པོོས་འཁོར་ཕུན་སུམ་ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་འཁོར་ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ་གསུངས། སྡུད་པ་པོ་ཕུན་སུམ་ཚོགས་པ་གསང་སྔགས་ཀུན་འཆང་རྒྱལ་པོའོ།  གསང་སྔགས་ཀུན་འཆང་རྒྱལ་པོས་འཁོར་ཕུན་སུམ་ཚོགས་པ་ཡེ་གཤེན་གཡུང་དྲུང་སེམས་དཔའ་འབུམ་ཕྲག་སུམ་སྟོང་ལ་གསུངས།  སྡུད་པ་པོ་ཕུན་སུམ་ཚོགས་པ་སྤྲུལ་པའི་སྐུ་བཀའ་རྟོགས་དོན་མཐོང་རྒྱལ་པོའོ། སྟོན་པ་ཕུན་སུམ་ཚོགས་པ་བཀའ་རྟོགས་དོན་མཐོང་རྒྱལ་པོས།  འཁོར་ཕུན་སུམ་ཚོགས་པ་གཡུང་དྲུང་འོད་འབྱེད་སྤྲུལ་སྐུ་འབུམ་ཕྲག་སྟོང་ལ་གསུངས། སྡུད་པ་པོ་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་ཀྱི་བླ་མ་དོན་ཡོངས་སུ་གྲུབ་པའོ།  སྟོན་པ་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་ཀྱི་བླ་མ་དོན་ཡོངས་སུ་གྲུབ་པ་དེས། འཁོར་ཕུན་སུམ་ཚོགས་པ་གཡུང་དྲུང་སེམས་དཔའ་ཁྲི་ཁྲག་འབུམ་ལ་གསུངས།  སྡུད་པ་པོ་ཕུན་སུམ་ཚོགས་པ་ཀུན་གསལ་འོད་ཀྱི་ཁྱེའུ་ཆུང་ངོ་། སྟོན་པ་ཕུན་སུམ་ཚོགས་པ་ཀུན་གསལ་འོད་ཀྱི་ཁྱེའུ་ཆུང་གིས་འཁོར་ཕུན་སུམ་ཚོགས་པ་ཡེ་གཤེན་གཡུང་དྲུང་སེམས་དཔའ་ཁྲི་ཕྲག་ལྔ་བརྒྱ་ལ་གསུངས། སྡུད་པ་པོ་ཕུན་སུམ་ཚོགས་པ་དག་པ་གསལ་བ་ཤེས་པ་གསུམ་མོ། འདི་ཡན་ཆད་ཟག་མེད་ཐུགས་རྗེའི་བརྒྱུད་པའོ།  བར་མི་ཡི་ཡུལ་དུ་ཞང་ཞུང་ག་ཁྱུང་སྤུངས་པས་རྒྱ་གར་གྱི་མཁས་པ་གསས་འོད་གཡུང་དྲུང་ལ་བརྒྱུད།  དེས་གཤེན་མན་དྷ་བི་ཤ་ལ་བརྒྱུད།  དེས་གཤེན་ཐུགས་རྗེ་གཡུང་དྲུང་གྲུབ་པ་ལ་བརྒྱུད།  དེས་གཤེན་ཁྲོ་གསས་པད་མ་འོད་ཟེར་ལ་བརྒྱུད། དེས་གཤེན་བློ་རྫོགས་གཡུང་དྲུང་སེང་གེ་ལ་བརྒྱུད།  དེས་གཤེན་བོན་ཁྲིམས་ཡོངས་སུ་དག་པ་ལ་བརྒྱུད།  དེས་གཤེན་བདུད་རྩི་ཡང་དག་གྲུབ་པ་ལ་བརྒྱུད།  དེས་གཤེན་དོན་ཡོད་བདེ་བ་གནམ་གསས་ལ་བརྒྱུད། དེས་གཤེན་རབ་གསང་བ་ལྷའི་སྙིང་པོ་ལ་བརྒྱུད་དོ།  འདི་རྣམས་ནི་རྒྱ་གར་གྱི་གྲུབ་ཐོབ་རིམ་པར་བྱོན་པ་རྣམས་སོ།  དེས་རྟག་གཟིགས་ཀྱི་མཁས་པ་དབང་གྲུབ་སྨན་གྱི་གཤེན་རབ་ལ་བརྒྱུད།  དེས་གཡུང་དྲུང་རྒྱལ་པོ་གཤེན་རབ་ལ་བརྒྱུད།  དེས་གསས་གྲགས་བདུད་རྩི་གཤེན་རབ་ལ་བརྒྱུད་དོ།  འདི་རྣམས་ནི་རྟག་གཟིགས་ཀྱི་མཁས་པ་གསུམ་མོ།  དེ་ནས་བྲུ་ཤའི་མཁས་པ་ལྔ་ལ་བརྒྱུད་དེ།  དེས་གཤེན་གར་བ་པྲ་ཏི་བྷ་ར་ལ་བརྒྱུད།  དེས་གཤེན་ཧོན་རིལ་པ་ཏྲེ་ལ་བརྒྱུད།  དེས་གཤེན་ཏྲ་ཤོ་ཟང་ཧེ་ལ་བརྒྱུད། དེས་གཤེན་ཨ་མོ་སིང་ཧ་ལ་བརྒྱུད།  དེས་གཤེན་མ་ཀྴ་སེ་ཙ་ལ་བརྒྱུད་དོ།  འདི་རྣམས་ནི་བྲུ་ཤའི་མཁས་པ་ལྔའོ།  དེས་ཞང་ཞུང་རྒྱ་གར་བྲུ་ཤ་ཐོད་ཀར་ལས་སོགས་པའི་མཁས་གྲུབ་ཀུན་གྱི་དགོངས་པ་ལོན་པའི་གཤེན་ཚད་མེད་འོད་ལྡན་གྱི་རྣམ་སྤྲུལ་དམུ་གཤེན་ཆེན་པོ་དྲན་པ་ནམ་མཁའ་ལ་བརྒྱུད་དོ།  བླ་ཆེན་དྲན་པས་ཁྲི་སྲོང་དང་།  བེ་རོ་དང་།  གཅོ་ཟ་དང་།   འགྲོ་མགོན་ཚེ་དབང་རིག་འཛིན་དང་བཞི་ལ་བརྒྱུད།  སྤྲུལ་སྐུ་ཚེ་དབང་རི་ཁྲོད་པ་ཆེན་པོས་སྤུལ་སྐུ་ལུང་བོན་ལྷ་གཉན་ལ་བརྒྱུད།  དེས་ལུང་སྒོམ་འཁོར་ལོ་རྒྱལ་པོ་ལ་བརྒྱུད་པའོ།  དེ་དག་ནི་ཕོ་རྒྱུད་ཐབས་ཀྱིས་བརྒྱུད་ཚུལ་གྱི་རིམ་པའོ།  འདི་ལ་མོ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ཡང་ཟུར་དུ་བཞུགས་པ་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་གི་ནང་དུ་གསལ་ལོ།

སྤྱི་རྒྱུད་ཆེན་པོ་འདིའི་བམ་པོ་དང་ལེའུ་གྲངས་སྐོར་ཚོམས་ཀྱི་སྐོར།

ལ་ཟླའི་ས་བཅད་དང་ལེའུ་གྲངས་གསལ་བྱེད་དོན་བསྡུས་མཆོང་དང་སྐབས་གྲངས་གསལ་བྱེད་སྐོར་ཚོམས་མཆོང་སོགས་ཀྱི་དགོངས་དོན་ལྟར་ན།  སྤྱི་རྒྱུད་ཆེན་པོ་འདི་ལ།  བམ་པོ་ལྔ།  རྒྱུད་གཉིས།  སྐབས་སུམ་ཅུ་སོ་གཉིས།  ལེའུ་བརྒྱ་དང་དགུ་བཅུ་རྩ་བདུན།   མཆོང་ཉེར་ལྔ་ཡོད་པར་གསུངས།  བཤད་གཞིའི་མཆོང་གི་མཇུག་ཏུ་བླ་ཆེན་དྲན་པ་སེང་གེའི་གདམས་པ་འདི་ཚོ།  ལྟ་ཤེས།  ཉན་ཤེས།  སྒོམ་ཤེས།  བཤད་ཤེས་པས་ན།  བསོད་ནམས་ཅན་གྱི་གང་ཟག་རྣམས་ལ་རྟོགས་པ་ཁྱད་པར་ཅན་མི་སྐྱེ་མི་སྲིད་དོ། ཞེས་ཀྱང་གསུངས་སོ།  བམ་པོ་ལྔ་ནི། གནས་པ་གཞིའི་བམ་པོ།  མ་ཚང་བ་ཁ་བསྐང་བའི་བམ་པོ། གསང་སྔགས་ཕྱི་ནང་འབྱེད་པའི་བམ་པོ།  ལ་ཐམས་ཅད་ཡོངས་སུ་ཟློ་བའི་བམ་པོ།  མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་དང་ལྔའོ།   བམ་པོ་ལྔ་ཡི་ནང་ཚན་མ་ཚང་ཁ་སྐང་གི་བམ་པོ་དང་། མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་གཉིས་ད་ལྟ་རང་རེའི་དཔེ་ཁྲོད་དུ་མཇལ་ཡུལ་དུ་མ་གྱུར་རོ།  རྒྱུད་གཉིས་ནི།  བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དོ།  བྱ་བའི་རྒྱུད་ལ་གནས་པ་གཞིའི་བམ་པོ་དང་།  ལ་ཟློའི་བམ་པོ་གཉིས་སོ།  སྤྱོད་པའི་རྒྱུད་ལ་གསང་སྔགས་ཕྱི་ནང་འབྱེད་པའི་བམ་པོ་དང་།  མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་གཉིས་སོ།  སྐབས་སུམ་ཅུ་སོ་གཉིས་ནི།  གནས་པ་གཞིའི་བམ་པོ་ལ་སྐབས་དྲུག    མ་ཚང་ཁ་སྐང་གི་བམ་པོ་ལ་སྐབས་བརྒྱད།  མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་ལ་སྐབས་ལྔ།  གསང་སྔགས་ཕྱི་ནང་འབྱེད་པའི་བམ་པོ་ལ་སྐབས་བརྒྱད།  ལ་ཐམས་ཅད་ཡོངས་སུ་ཟློ་བའི་བམ་པོ་ལ་སྐབས་ལྔའོ། ལེའུ་བརྒྱ་དང་དགུ་བཅུ་རྩ་བདུན་ནི།  གནས་པ་གཞིའི་བམ་པོ་ལ་ལེའུ་བཞི་བཅུ་ཞེ་བཞི། ལ་ཟློའི་བམ་པོ་ལ་ལེའུ་བཞི་བཅུ་ཞེ་དགུ   མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་ལ་ལེའུ་ལྔ་བཅུ་ང་དྲུག   མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་ལ་ལེའུ་བཞི་བཅུ་ཞེ་བརྒྱད་དོ།  མཆོང་ཉེར་ལྔ་ནི།  ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་།  དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་།  ལེ་གྲངས་གསལ་བྱེད་དོན་བསྡུད་ཀྱི་མཆོང་།  སྐབས་གྲངས་གསལ་བྱེད་སྐོར་ཚོམས་ཀྱི་མཆོང།  རྣམ་པར་བཀོད་པ་དམ་ཚིག་གི་མཆོང་།  གང་ཟག་གི་བརྟག་པ་སྤང་བླང་གི་མཆོང་།  མུ་ཏིག་ཕྲེང་བ་གསང་སྔགས་རྟགས་ཀྱི་མཆོང་། གསང་སྔགས་མཆོག་འདུས་ལྷ་སྒོམ་གྱི་མཆོང་།  རིན་ཆེན་དྲྭ་བ་དབང་བསྐུར་གྱི་མཆོང་།  སྒྲོན་མ་རྣམ་དྲུག་ཉམས་ལེན་གྱི་མཆོང་། གསལ་བ་ཐིག་ལེ་ངོ་སྤྲོད་ཀྱི་མཆོང་།  རྩ་ཐིག་འོད་འབྱེད་རྩ་རླུང་གི་མཆོང་།  ཁྱུང་ཆེན་རླབས་གཅོད་ལྟ་བའི་མཆོང་། ལ་ཤན་འབྱེད་པ་ཐེག་པའི་མཆོང་།  ཉི་མ་དགུ་འདུས་སྒོམ་པའི་མཆོང་། གླང་པོ་རབ་འབོགས་སྤྱོད་པའི་མཆོང་། རིན་ཆེན་ཀུན་འདུས་འབྲས་བུའི་མཆོང་།  མཚོན་ཆའི་འཁོར་ལོ་ཚད་མའི་མཆོང་།  གནོད་སྦྱིན་རིན་ཆེན་བསྒྲུབ་པ་དངོས་གྲུབ་མཆོང་།  ཨ་ལི་ཀ་ལོའི་སྒྲ་དོན་བརྟག་པ་མངོན་ཤེས་ཀྱི་མཆོང་།  བདུད་རྩི་ཤི་སོས་བསྒྲུབ་པ་བ་དཀར་སྨན་གྱི་མཆོང་།  དཀར་ནག་དམར་གསུམ་བསྒྲིལ་མ་བསྟན་སྲུང་མཆོང་།   ནམ་མཁའ་གསལ་བྱེད་རྒྱུད་ཀྱི་ཆེ་བ་འབྱིན་པའི་མཆོང་། བ་ཐག་དཀར་པོ་གསལ་བྱེད་ཚེ་སྒྲུབ་ཀྱི་མཆོང་།  རིལ་ལུའི་སྦྱོར་ཁ་ཆེན་མོ་སྲུང་བའི་མཆོང་དང་ཉེར་ལྔའོ།  བླ་ཆེན་དྲན་པས་མཛད་པའི་མཆོང་ཉེར་ལྔའི་ནང་ནས་ད་བཞུགས་རང་རེའི་དཔེ་ཁྲོད་དུ་གསལ་བ་ལ།  ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་དང་།  དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་དང་།  ལེའུ་གྲངས་གསལ་བྱེད་དོན་བསྡུད་ཀྱི་མཆོང་དང་།  སྐབས་གྲངས་གསལ་བྱེད་སྐོར་ཚོམ་གྱི་མཆོང་དང་།  རྣམ་པར་བཀོད་པ་དམ་ཚིག་གི་མཆོང་བཅས། མཆོང་ལྔ་ཙམ་མཇལ་ཡུལ་དུ་གྱུར།  དེ་ལས་གཞན་པ་རྣམས་མིང་ཙམ་ལས་ད་ལྟ་རང་རེའི་དཔེ་ཁྲོད་དུ་བཞུགས་པ་མ་མཐོང་། གཞན་ཡང་སྔ་འགྱུར་རྙིང་མའི་དཔེ་ཁྲོད་དུ་གསལ་བའི་ཀུན་བྱེད་རྒྱལ་པོའི་རྒྱུད་དང་།  གཡུང་དྲུང་བོན་ལུགས་ཀྱི་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞིའི་ནང་ཚན་སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་འདི་གཉིས་ལ་ཁྱད་པར་དེ་ཙམ་མ་མཐོང་ངོ་། དོན་གཉེར་ཅན་རྣམས་ཀྱིས་དཔེ་བསྡུར་གནང་ན་མཁྱེན་པར་ངེས་སོ།  སྐྱེས་བུ་གཅིག་ལ་མིང་གི་མཚན་འགྱུར་མང་བའི་བླ་ཆེན་དྲན་པ་ནམ་མཁའ་ཞེས་པ་འདི་ནི།  རང་གྲོལ་རྫོགས་པ་ཆེན་པོའི་བསྟན་པ་འདིའི་བསྟན་བདག་རང་གཞན་ཀུན་གྱིས་གཙུག་རྒྱན་དུ་བཀུར་འོས་པ་ཞིག་སྣང་ངོ་།

 སེམས་ཕྱོགས་བཤད་གཞིའི་མཆོང་དང་འབྲེལ་བའི་དཀའ་གནད་འགའ་ཞིག་གི་སྐོར།

བླ་ཆེན་དྲན་པས་མཛད་པའི་མཆོང་ཉེར་ལྔའི་ནང་ཚན་དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་ལས་གང་ཟག་གཅིག་འཚང་རྒྱ་བ་ལ་ཚིག་དོན་བཅུ་གཅིག་བསྟན་པའི་ནང་ཚན་ཚིག་དོན་བཅུ་གཅིག་པ་གྲོལ་ས་ཆེན་པོ་བསྟན་པའི་སྐབས་སུ།  དེ་ལྟ་བུའི་ཨཱ་ཐ་དེ་ལ། བོན་གྱི་སྐུའི་གནས་སྐབས་ནས་གཞི་གནས་ཀྱི་ཡེ་ཤེས་དེ་གསུམ་གཞི་ལ་ཚང་པས།  མཚན་མ་རིས་ཅན་དུ་ནི་མ་ཡིན་ནོ། ལོངས་སྐུའི་གནས་སྐབས་ནས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔར་སོ་སོའི་མཚན་ཉིད་བབ་ཀྱིས་འཛིན་པས།  ཡུལ་དང་ཡུལ་ཅན་དུ་ནི་མ་ཡིན་ནོ།  སྤྲུལ་སྐུའི་དུས་ན་ཤེས་བྱའི་ཡེ་ཤེས་གཉིས་སུ་འཛིན་པའི་ཆ་མ་འགག་པས།  བྱ་བ་དང་བྱེད་པ་མེད་དོ།  དེས་ནི་ཚིག་དོན་བཅུ་གཅིག་པ་སངས་རྒྱས་པར་བྱེད་པའི་དོན་བསྟན་པ་དང་ལོ་རྒྱུས་བསྟན་ཏོ། ཞེས་གསུངས་པ་འདི་ཉིད་ཀྱི་གོ་དོན་ཅུང་ཞིག་འགྲེལ་ན་འདི་ལྟར་ཏེ།  དེ་ལྟ་བུའི་ཨྭ་ཐ་དེ་ལ།  ཞེས་པ་ནི་དེ་ལྟ་བུའི་སངས་རྒྱས་དེ་ལ་ཞེས་གསུངས་པ་ཡིན་ལ།  དེ་ལྟ་བུའི་སངས་རྒྱས་དེ་གང་ཞིག་ཡིན་ནམ་ཞེ་ན།  ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པའི་ཐིག་ལེ་ཉག་གཅིག་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་འདི་ཉིད་ཡིན་ནོ། བོན་གྱི་སྐུའི་གནས་སྐབས་ན་གཞི་གནས་ཀྱི་ཡེ་ཤེས་དེ་གསུམ་གཞི་ལ་ཚང་བས། མཚན་མ་རིས་ཅན་དུ་ནི་མ་ཡིན་ནོ། ཞེས་པ་ནི།  ངོ་བོ་སྟོང་པའི་ཆ་ལ་བོན་གྱི་སྐུ་ཞེས་གསུངས་པ་ཡིན་ལ།  སྟོང་པ་དེ་ཡང་།  གཤིས་ཀྱི་ཡིན་ལུགས་འདི་ཉིད་དགག་བྱས་སྟོང་པ་མ་ཡིན་པར་བློས་བྱས་ཀྱིས་སྟོང་པའམ་ཀ་དག་གི་ཆ་ནས་བཤད་དོ།   ངོ་བོ་སྟོང་པ་ཞེས་པ་འདི་ལ་ཡང་།  འདས་པ་རྗེས་སུ་དྲན་པའི་རྟོག་པ་ཀ་ནས་དག་སྟེ་སྟོང་།  མ་འོངས་པ་མངོན་པར་སྤྱོད་པའི་རྟོག་པ་ཀ་ནས་དག་སྟེ་སྟོང་།  ད་ལྟ་བ་ངོ་བོ་ཉིད་ཀྱི་རྟོག་པ་ཀ་ནས་དག་སྟེ་སྟོང་།   འཁོར་འདས་གཉིས་སུ་འཛིན་པའི་རྟོག་པ་ཡང་ཀ་ནས་དག་སྟེ་སྟོང་།  འདི་ལ་ངོ་བོ་སྟོང་པའི་དཔེ་གསུམ་དང་སྦྱར་ནས་བཤད་ན།   འཁྲུལ་སྒྲིབ་ཀྱི་ཚོགས་ཐམས་ཅད་བཙལ་ཀྱང་མི་རྙེད་པ་ཁང་སྟོང་དུ་རྐུན་མ་བཞུགས་པ་ལྟ་བུ་སྟོང་པ་དང་།   རྣམ་རྟོག་གི་དྲན་པ་ཐམས་ཅད་ཆུ་ཡི་རི་མོ་ལྟར་རང་བཞིན་གྱིས་སངས་ཏེ་སྟོང་པ་དང་།  སྤོང་སྡུད་ཞེན་གསུམ་གྱི་གཉེན་པོ་མི་དགོས་པར་བློ་རྟོག་གི་འགྱུ་བའི་ཚོགས་དང་བཅས་པ་ཐམས་ཅད་བར་སྣང་གི་སེར་བུ་ལྟར་རང་གྲོལ་དུ་སོང་ནས་སྟོང་པ་ཡིན་པ་ཕ་བ་རྒྱལ་གཟིགས་ཀྱི་དགོངས་དོན་ལྟར་ཡིན་ལ།    ཡང་ན་བོན་གྱི་སྐུའི་གནས་སྐབས་ན་ཞེས་པའི་གོ་དོན་གཞན་ཞིག་ནི། སྔར་ཁྲེགས་ཆོད་ཀྱིས་གཞི་བཟུང་། བར་དུ་ཐོད་རྒལ་གྱི་གནད་སྒྲོན་མ་དྲུག་གིས་མཚམས་སྦྱར་བ་ལ་བརྟེན་ནས་བྱུང་བའི་བོན་ཉིད་མངོན་སུམ་གྱི་སྣང་བ་དང་།  ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བའི་ཆར་གྱུར་པའི་ཐིག་ལེ་ཚོམ་བུའི་སྣང་བ་བཅས་པ་ཐམས་ཅད་མཐར་ཐུག་ནས། མཁའ་ལ་རྡུལ་སང་མཚོ་ལ་འཁྱག་ཞུ་བའི་ངང་ཚུལ་ཇི་བཞིན། ལུས་འཇའ་འོད་ཀྱི་སྐུ་རུ་དེངས། སེམས་འོད་གསལ་གྱི་ངང་དུ་དེངས།  རྒྱ་གསུམ་རལ་ནས་སྣང་བ་ཟད་སར་བསྐྱལ། རིག་རྩལ་གཞི་ལ་འདུས། ལྷུན་གྲུབ་ཀྱི་ཐིམ་རིམ་བརྒྱད་དང་འགྲོགས་ནས་ཤེས་བྱ་བུམ་པར་ཆུད་དེ་མཁྱེན་པ་ནང་གསལ་དུ་གནས།  རྒྱལ་པོ་གདན་ལ་འཁོད་དེ་རིག་པའི་བཙན་ས་ཟིན།  རྨངས་ཆམ་ལ་ཕབ་སྟེ་སྒོ་ལྔའི་རྣམ་པར་ཤེས་པའི་གཞི་སྟོང་།  བློན་པོ་བཙོན་དུ་བཟུང་སྟེ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུན་ཐག་ཆད་ནས་་རིག་པ་ལ་རང་དབང་ཐོབ་པའི་དུས་དེ།  བོན་གྱི་སྐུའི་གནས་སྐབས་ཡིན་ལ། དེ་ལྟ་བུའི་རང་གྲོལ་ཐིག་ལེ་ཉག་གཅིག་གི་སྐུ་དེ་ལ།  གཞི་གནས་ཀྱི་ཡེ་ཤེས་གསུམ་ཚང་བའི་ཚུལ་ནི།  དེ་ལྟ་བུའི་ཐིག་ལེ་ཉག་གཅིག་གི་སྐུ་དེ།  ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་ཡེ་ནས་རང་ཆས་སུ་གནས་པ་ཡིན།  ངོ་བོ་སྟོང་པའི་ཡེ་ཤེས་དང་། རང་བཞིན་གསལ་བའི་ཡེ་ཤེས་དང་།  ཐུགས་རྗེ་རིག་པ་གཉིས་མེད་ཀྱི་ཡེ་ཤེས་སམ་ཡང་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ།  ཡེ་ཤེས་དེ་གསུམ་ལ་གཞི་གནས་ཀྱི་ཡེ་ཤེས་གསུམ་དུ་གྲགས་སོ།     གཞི་རིག་པ་ཟང་ཐལ་གྱི་བུམ་སྐུ་གཅིག་ལ།  ངོ་བོ་སྟོང་པ་དང་། རང་བཞིན་གསལ་བ་དང་། ཐུགས་རྗེ་ཀུན་ཁྱབ་གསུམ་གྱི་ཆ་ནས་ཡེ་ཤེས་གསུམ་གྱིས་ཐ་སྙད་བཏགས་པ་ཙམ་ལས།  ཤ་དང་རུས་པ་ལྟ་བུ་སོ་སོ་ནས་ཡོད་པའི་དོན་ནི་མ་ཡིན་ནོ།   མཚན་མ་རིས་ཅན་དུ་ནི་མ་ཡིན་ནོ། ཞེས་པ་ནི།  དེ་ལྟ་བུའི་རིག་པ་ཟང་ཐལ་གྱི་སྐུ་དེ།  མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པའི་སྐུ་མ་ཡིན་ཏེ།   ཆེ་ཆུང་ཆག་ཚད་གཞལ་བའི་ཚད་ལས་འདས་པའི་སྣང་མེད་བོན་གྱི་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱ་བ་དེ་ཡིན་ནོ།   ཁྱད་པར་དུ་འདི་ནི་བསྐྱེད་རྫོགས་ཀྱི་ཉམས་ལེན་ཟུང་དུ་འབྲེལ་བ་ལ་བརྟེན་ནས་གྲུབ་པའི་ལྷ་སྐུ་ཡང་མ་ཡིན་ལ།  ས་ལམ་ཕར་ཕྱིན་རིམ་བགྲོད་ལ་བརྟེན་ནས་བྱུང་བའི་སྐུ་ཡང་མ་ཡིན་ཏེ།  ཐོག་མཐའ་བར་གསུམ་དུ་རིག་པ་རྐྱང་དེད་ཀྱི་ཉམས་ལེན་གྱི་རྒྱུན་ཐག་བསྲིངས་ཏེ་ཐུན་སྒོམ་ངང་སྒོམ་ཀློང་སྒོམ་གསུམ་གྱི་དགོངས་པའི་དྲོད་ཚད་མངོན་དུ་གྱུར་བ་ལ་བརྟེན་ནས་བྱུང་བའི་མཐར་ཐུག་གཞི་གནས་ཀྱི་རིག་པ།  ངོ་བོ་སྟོང་པ། རང་བཞིན་གསལ་བ།  ཐུགས་རྗེ་ཀུན་ཁྱབ།  གཞི་གཏིང་གསལ་ཆེན་པོའི་ཡེ་ཤེས་བྱ་བ་དེ་ཡིན་ནོ།  ལོངས་སྐུའི་གནས་སྐབས་ནས།  ཞེས་པ་ནི། ཡེ་ཤེས་ལྔ་ལ་ལོངས་སུ་སྤྱོད་པའི་གནས་སྐབས་ན་ཞེས་པ་ཡིན་ལ།  ཐམས་ཅད་ནས་ཐམས་ཅད་དུ་གསལ་བྱེད་གཞན་ལ་མི་ལྟོས་པར་སྟོང་པ་རང་གསལ་གྱི་ཚུལ་དུ་བདག་ཞལ་བདག་གིས་འཇལ་བ་དང་།  ཉིད་ཞལ་ཉིད་ཀྱིས་གཟིགས་པས་ན།  རང་གི་མཚན་ཉིད་ལ་རང་གིས་ལོངས་སུ་སྤྱོད་པ་ལས་གཞན་གང་གིས་ཀྱང་ལོངས་སུ་སྤྱོད་མི་ནུས་པར་བསྟན་པའོ།  མཚན་ཉིད་འཛིན་པའི་ཡེ་ཤེས་ལྔར་སོ་སོའི་མཚན་ཉིད་བབ་ཀྱིས་འཛིན་པས།  ཞེས་པ་ནི།  སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མེ་ལོང་ལྟ་བུའི་མཚན་ཉིད་དང་།  མཉམ་པ་ཉིད་ཀྱི་མཚན་ཉིད་དང་།  སོ་སོར་རྟོགས་པའི་མཚན་ཉིད་དང་།  བྱ་བ་གྲུབ་པའི་མཚན་ཉིད་འཛིན། ཞེས་གསུངས་པ་ཡིན།  མཚན་ཉིད་འཛིན་ཞེས་པ་དེ་ནི་འཛིན་སྟངས་བཟུང་ནས་འཛིན་པའི་དོན་གཏན་ནས་མ་ཡིན་ཏེ།  ཐིག་ལེ་ཉག་གཅིག་གི་སྐུ་དེ་ཉིད་གསལ་སྟོང་འཛིན་མེད་ཀྱི་རིག་པ་ཡིན་པའི་ཕྱིར་རོ།  འདི་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་གསུངས་པ་ནི།  ཡེ་ཤེས་ལྔ་ཡི་མཚན་ཉིད་འཛིན་པ་སྟེ།  ཐིག་ལེ་ཉག་གཅིག་གི་སྐུ་དེ་ལ།  ངོ་བོ་སྟོང་པའི་ཆ་ནས་སྟོང་ཉིད་ཡེ་ཤེས་དང་།  སྟོང་པ་དེའི་རང་བཞིན་རིག་པ་ཅིར་ཡང་གསལ་བའི་ཆ་ནས་མེ་ལོང་ལྟ་བུའི་ཡེ་ཤེས།  རིག་པ་དང་སྟོང་པ་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་དབྱེ་ཡི་མི་ཕྱེད་པའི་ཆ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས།  མཉམ་ལ་མ་འདྲེས་སོ་སོར་ཕྱེས་པའི་ཆ་ནས་སོ་སོར་རྟོགས་པའི་ཡེ་ཤེས།  འཕྲིན་ལས་ཐོགས་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་ཆ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནམ་མཚན་ཉིད་དང་ལྡན་པས།  དེ་སྐད་གསུངས་པ་ཡིན་ནོ།  དོན་གྱི་ཐིག་ལེ་གཅིག་ལ་ལྡོག་ཆ་ནས་ཡེ་ཤེས་ལྔ་ཡི་རང་བཞིན་དང་ཡིན་ལུགས་ལྡན་པས་ནའོ།   ཡུལ་དང་ཡུལ་ཅན་དུ་ནི་མ་ཡིན་ནོ།  ཞེས་པ་ནི།  དེ་ལྟ་བུའི་རིག་པ་ཟང་ཐལ་གྱི་བུམ་སྐུ་དེ་ནི།  འཛིན་སྟངས་དང་བྲལ་བའི་རིག་པ་ཡིན་ལ།  འདིས་འཛིན་སྟངས་གང་ཡང་བཟུང་བ་མེད་པས་ཡུལ་ཞེས་བྱ་བ་གདོས་ནས་མ་གྲུབ་ལ།  རིག་པ་འདི་ཉིད་འཛིན་པས་སྟོང་པའི་གསལ་སྟོང་འཛིན་མེད་ཀྱི་རིག་པ་ཡིན་པས་ཡུལ་ཅན་ལས་འདས་པ་ཡིན་ནོ། ཞེས་པའི་དོན་ཡིན་ནོ།  འདི་ལ་ཡུལ་དང་ཡུལ་ཅན་སོགས་བཤད་པ་ནི།  བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི་དང་མཆོག་ལྔའི་གཞུང་ཆེན་རྣམས་ཀྱི་དགོངས་པ་མ་ལོན་པའོ།    སྙན་རྒྱུད་ཀྱི་གཞུང་སོགས་ལས།  ཡུལ་དང་ཡུལ་ཅན་རྟོག་འཛིན་མེད།  སྣ་ཚོགས་གསལ་བ་འཛིན་མེད་གནས།  ཞེས་དང་།  ནམ་མཁའ་འཕྲུལ་མཛོད་ལས།  ཤེས་བྱ་རྟེན་མེད། རིག་པ་ཡུལ་མེད།  ཅེས་དང་།  ཡེ་ཁྲིའི་བམ་པོ་ལས།  ཡེ་ཤེས་རང་སྣང་བདག་ཉིད་ཆེ།  རང་ལས་འབྱུང་ཞིང་རང་ལས་སྣང་།  རང་གདངས་ཡིན་པས་ཡུལ་དང་བྲལ།  ཡུལ་མེད་རང་སྣང་ཆེན་པོ་ལ། བགྲོད་དུ་མེད་དེ་ཀུན་ལས་ཆེ།  ཞེས་དང་།  སྤྱི་སྤུངས་ཀྱི་གཞུང་རྣམས་ལས་ཀྱང་།  ཡུལ་དང་ཡུལ་ཅན་མ་ཡིན་ཏེ།  ཡུལ་མེད་རང་བཞིན་གསལ་བའོ།  ཞེས་གསུངས་པ་དེ་དེ་བཞིན་ནོ།   སྤྲུལ་སྐུའི་དུས་ན་ཤེས་བྱའི་ཡེ་ཤེས་གཉིས་སུ་འཛིན་པའི་ཆ་མ་འགག་པས།  བྱ་བ་དང་བྱེད་པ་མེད་དོ། ཞེས་གསུངས་པའི་གོ་དོན་ནི།  རིག་པ་ཟང་ཐལ་གྱི་བུམ་སྐུ་དེ་ཉིད་ངོ་བོ་སྟོང་པའི་ཆ་ནས་བོན་སྐུ་ཡིན་ལ།  རང་བཞིན་གསལ་བའི་ཆ་ནས་རྫོགས་སྐུ།  ཐུགས་རྗེ་ཀུན་ཁྱབ་ཀྱི་ཆ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྲུལ་པའི་སྐུ་ཞེས་བྱ་བ་ཡིན་ལ།  བྱང་སེམས་གབ་པ་ལས།  བོན་ཉིད་བདེ་ཆེན་སྣོད་ཡངས་ན།  ཐམས་ཅད་མཁྱེན་པའི་རྒྱལ་པོ་ནི།  རྣམ་རྟོག་མི་མངའ་ཅིར་ཡང་གསལ། ཞེས་དང་།  སྤྱི་སྤུངས་ཀྱི་གཞུང་ལས་ཀྱང་།  རྟོག་མེད་རང་འབྱུང་ཡེ་ཤེས་དེ། ཐམས་ཅད་མཁྱེན་པ་ཀུན་གྱི་མཆོག  ཅེས་གསུངས་པ་ལྟར།  སྟོང་གསལ་སྒྲིབ་གཡོག་མེད་པའི་མཐར་ཐུག་གཞི་གནས་ཀྱི་རིག་པ་རྟོག་མེད་རང་འབྱུང་གི་ཡེ་ཤེས་དེ།  ཟང་ཐལ་གྱི་སྐུ་རུ་གནས་པའི་གནད་ཀྱིས།  གསལ་ལ་འཛིན་མེད་ཀྱི་ཚུལ་དུ་ཇི་ལྟ་བ་དང་ཇི་སྙེད་པའི་ཚོགས་གཉིས་ཀ་མཁྱེན་པའི་ཆ་དང་ལྡན་པའོ།    འདི་ལ་ལྡོག་ཆ་ནས་སོ་སོར་ཕྱེས་ན།  ཇི་ལྟ་བ་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དང་།  ཇི་སྙེད་པ་གཟིགས་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་ཞེས་མཁྱེན་པ་གཉིས་ལྡན་དུ་གསུངས་པ་ཡིན་ནོ།  མཁྱེན་པའི་ཚད་ནི།  རིག་པ་དྭངས་སང་ཆེན་པོའི་ངང་ནས་གསལ་ཡང་གསལ་ལ་རྟོག་པ་རྡུལ་ཙམ་ཡང་མི་མངའ་བར་མྱོང་བ་ནང་ནས་ཤར་བ་དེ་ཁོ་ནའོ།  བྱ་བ་དང་བྱེད་པ་མེད་དོ།  ཞེས་པ་ནི།  སྟོང་གསལ་འཛིན་མེད་ཀྱི་རིག་པ་འདི་ཡིས།  གདོད་མ་ཉིད་ནས་སྤོང་སྡུད་ཞེན་གསུམ་གྱི་བྱ་བ་དང་།  གཟུང་འཛིན་གྱི་བྱ་བ་དང་།  དགག་སྒྲུབ་ཀྱི་བྱ་བ་དང་།  རྟོག་དཔྱོད་ཀྱི་བྱ་བ་དང་།  འཛིན་ཆགས་ཞེན་གསུམ་གྱི་བྱ་བ་ལ་སོགས་གང་ཡང་བྱེད་པ་མེད་དོ།   ཞེས་པའི་དོན་ཡིན་ནོ།   མདོར་ན་བྱ་བྱེད་ཐམས་ཅད་རྩོལ་བ་ཡིན་ལ།   འདི་ནི་རྩོལ་མེད་ལྷུན་གྲུབ་ཀྱི་རིག་པ་བློ་ལ་རགས་མ་ལགས་པ་ཞེས་བྱ་བ་དེ་ཡིན་པས་ནའོ།

བཤད་གཞིའི་མཆོང་ལས་གསུངས་པའི་ཕྱི་ནང་གསང་བ་ཡང་གསང་གི་སྐོར་བཞི་དང་འབྲེལ་བའི་དཀའ་གནད།

བླ་ཆེན་དྲན་པས་མཛད་པའི་བཤད་བཞིའི་མཆོང་ནང་། སྤྱི་རྒྱུད་ཆེན་པོ་འདི་ནི།  སྙན་རྒྱུད་ཙམ་དུ་མ་ཟད།  བཤད་རྒྱུད་སྐོར་བཞི་ཕྱི་སྐོར་དང་། ནང་སྐོར།  གསང་སྐོར།  གསང་བ་བླ་ན་མེད་པའི་སྐོར་བཞིའི་ནང་ཚན། གསང་བ་བླ་ན་མེད་པའི་སྐོར་ཡིན་པར་གསུངས།  ལ་ཟློའི་བམ་པོ་ལས།  ཡང་གསང་ཡེ་ཁྲི་མཐའ་སེལ་རྒྱུད། ཅེས་དང་།  གནས་པ་གཞིའི་བམ་པོ་ལས། ཡང་གསང་སྤྱི་རྒྱུད་ཆེན་པོ་འདི་གསུངས་པས་གསང་བ་བླ་ན་མེད་པའི་སྐོར་དུ་འཐད་པ་ཡིན་ལ།  རྒྱུད་འདི་ཉིད་གསང་བ་བླ་ན་མེད་པའི་སྐོར་ཡིན་པའི་རྒྱུ་མཚན་གང་ཞིག་ཡིན་ནམ་ཞེ་ན།  སྒྲ་ཚིག་ལ་མི་ལྟོས་པའི་རིག་པ་རྗེན་པ་འདི་ཉིད།  དང་པོར་མྱོང་ཐོག་ཏུ་ངོ་འཕྲོད་པའི་ཚེ་ཡིད་དཔྱོད་དང་རྟོག་པས་ལྷད་བཞུགས་མ་མྱོང་བ་དང་།  རིག་པ་རྗེན་པ་འདི་ཡིས་ཡིད་བྱེད་དང་བྲལ་བའི་སྒོ་ནས་རང་འབབ་གཤིས་ཀྱི་ཡིན་ལུགས་སྒྲིབ་མེད་གཅེར་བུར་མྱོང་བ་ཡིན་ལ།  རྟེན་འདིར་རྣལ་འབྱོར་པས་ཁྲེགས་ཆོད་ཀྱིས་གཞི་བཟུང་། ཐོད་རྒལ་གྱི་གནད་བསྣུན་ཏེ།  སྣང་བཞི་ཚད་ལ་ཕེབས་པས་འབྲས་བུ་སྐུ་གསུང་ཐུགས་གསུམ་ལ་རེ་ལྟོས་བྱ་མི་དགོས་པར།  ཚེ་འདིར་འཕོ་ཆེན་ཡེ་ཤེས་ཀྱི་སྐུ་རུ་ཕུང་པོ་ལྷག་མེད་དུ་དེངས་བར་ནུས་པ་ཡིན་ལ།   ཐབས་ཟབ་མོ་འདི་རྣམས་སྤྱི་རྒྱུད་ཆེན་མོ་འདིའི་གཞུང་ཆེན་རྣམས་ལས་ཐུན་མོངས་མ་ཡིན་པའི་ཚུལ་དུ་བསྟན་པས་ན།  སྤྱི་རྒྱུད་ཆེན་པོ་འདི་ཉིད་གསང་བ་བླ་ན་མེད་པའི་སྐོར་དུ་གསུངས་པ་ཡིན་ཏེ།  དབྱིངས་རིག་རིན་པོ་ཆེའི་མཛོད་ལས།  ངོ་བོ་ཉོན་མོངས་མ་གྲུབ་པས་དུག་ལྔ་ལམ་གྱི་གྲོགས།  རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་བོན་ཉིད་ཀྱི་རྒྱན། མཚན་ཉིད་ལ་འཕྱུགས་པ་མེད་པས་བོན་ཉིད་གང་དུའང་མ་ཕྱེ་བ་ཕྱི་སྐོར་དང་།  ངོ་བོ་དངོས་པོ་ལས་འདས་པས་བོན་ཉིད་ཕྱོགས་རིས་སུ་མ་ཆད།  རང་བཞིན་ལ་འགྲོ་འོང་མེད་པས་རྟག་པ་རྒྱུན་གྱི་ཡེ་ཤེས།  མཚན་ཉིད་འཁོར་འདས་གཉིས་ཀ་ལ་ཟུག་པས་རྩ་བ་ལྟར་བྱུང་ལ།  རང་ངོ་ཐ་དད་འདྲིལ་བས་སྡོང་པོ་ལྟ་བུ།  རྩལ་སྣང་ཅིར་ཡང་རྒྱས་པས་ཡལ་འདབ་ལྟ་བུ།  གསལ་ཆ་འགག་པ་མེད་པས་མེ་ཏོག་ལྟ་བུ།  སྣ་ཚོགས་གཅིག་ཏུ་ཡིན་པས་འབྲས་བུ་ལྟར་བྱུང་བ་ནང་སྐོར་དང་།  ངོ་བོ་ཅིག་ཆར་དུ་ཤེས་པས་ཤེས་རབ་གསུམ་ལ་རགས་མ་ལུས།  རང་བཞིན་དབུགས་ཆད་ལ་གྲོལ་བས་བར་དོ་ལ་མི་ལྟོས། མཚན་ཉིད་ཡེ་གྲོལ་ཡིན་པས་ཚོགས་གཉིས་ལ་མི་རེ་བ་གསང་སྐོར་དང་།  ངོ་བོ་ཤེས་བྱ་མ་ཡིན་པས་ཚིག་ལ་མི་ལྟོས། རང་བཞིན་མངོན་སུམ་དུ་མཐོང་བས་བོན་ཉིད་ཡིད་དཔྱོད་དུ་མི་གནས། མཚན་ཉིད་སྣང་བཞི་ཚད་ཕེབས་ཀྱི་སྐུ་གསུམ་ལམ་སྣང་ཆོད་པས་འབྲས་བུ་ཕྱི་དུས་ལ་ལྟོས་མི་འཆའ་བ།  ཚེ་འདི་ཉིད་ལ་གདོད་མའི་དབྱིངས་སུ་སྦྱོར་བ་ཡང་གསང་བླ་ན་མེད་པའི་སྐོར་དང་བཞིའོ། ཞེས་གསུངས་པའི་ཕྱིར།

ཡེ་གྲོལ་དང་རང་གྲོལ་གཅེར་གྲོལ་གསུམ་དང་འབྲེལ་བའི་དཀའ་གནད།

ཡེ་གྲོལ་ཞེས་པ་ནི་གདོད་མ་ཉིད་ནས་གྲོལ་ཟིན་པས་ད་ལྟ་གློ་བུར་དུ་གྲོལ་མི་དགོས་པའམ།  བསྐྱར་དུ་གྲོལ་མི་དགོས་པ་ཏེ།  སྒྲིབ་མི་མྱོང་བའི་ཀུན་གཞི།  འཁྲུལ་མ་མྱོང་བའི་རིག་པ་ཞེས་པ་འདི་ལ་ཐུག་པར་སེམས་སོ།  རང་གྲོལ་ཞེས་པ་ནི།  སྤོང་སྡུད་ཞེན་གསུམ་གྱི་གཉེན་པོ་ལ་བསྟེན་མི་དགོས་པར་རང་སར་བཞག་ན་རང་བཞིན་གྱིས་གྲོལ་འགྲོ་བ་ལ་གོ་དགོས་སོ།  གཅེར་གྲོལ་ཞེས་པ་ནི།  སྙན་རྒྱུད་ཀྱི་གཞུང་ལས། སྣང་བ་སྣང་ཐོག་ཏུ་གྲོལ་བ་སྟེ།  རྣམ་རྟོག་ཐོལ་གྱིསསྐྱེས་པ་དེར། ཅེར་གྱི་བལྟས་པས་ཁྲོལ་གྱིས་གྲོལ།  གཏད་མེད་ཡེ་ཤེས་ས་ལེ་བ།  ཐོད་རྒལ་ཡེ་ཤེས་བྱ་བ་ཡིན།  ཞེས་གསུངས་པ་ལྟར།  སྣང་བ་ལ་འཛིན་ཆགས་ཞེན་གསུམ་གྱི་དབང་དུ་མ་སོང་བར། སྣང་བ་ལ་ཅེར་གྱིས་བལྟས་པས་མཐོང་སར་རང་ཡལ་དུ་སོང་བ་ལ་གོ་དགོས་པ་ཡིན་ཏེ།  དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་ལས།  འབྲས་བུ་རང་གྲོལ་གྱི་རྫོགས་པ་ཆེན་པོ་ནི། ཡེ་ནས་གྲོལ་བས་བསྐྱར་གཞི་མེད། རང་གྲོལ་བས་གཉེན་པོ་ལས་འདས་པའོ།  གཅེར་གྲོལ་རང་ཤར་དུ་གྲོལ་བས་སྣང་བ་སྣང་ཐོག་ཏུ་གྲོལ་བ་དང་།  ཡོངས་སུ་གྲོལ་བས་སྣང་སེམས་ཡོངས་སུ་གྲོལ་བའོ། ཞེས་གསུངས་པའི་ཕྱིར།

རྫོགས་པ་ཆེན་པོའི་ལུགས་ཀྱི་སྐུ་གསུམ་གྱི་རྣམ་བཞག་འཇོག་ཚུལ་དང་འབྲེལ་བའི་དཀའ་གནད།

ཟད་ཤོར་འཆལ་ཆད་ཀྱི་སྐྱོན་བཞི་ཡིས་བཅིངས་པའི་མདོ་ལུགས་དབུ་མ་པ་ལྟར་ན། གཞི་མེད་དགག་ཡིན་པས་གཞི་རང་གི་ངོ་བོའི་ཆ་ནས་སྐུ་གསུམ་གྱི་རྣམ་བཞག་འཇོག་པའི་ཐབས་སྒོ་ཀུན་ནས་ཟད་པ་ཡིན་ལ།   སྐུ་གསུམ་གྱི་རྣམ་བཞག་ཀྱང་བློ་ཁོ་ན་ལ་ལྟོས་ཏེ་འཇོག་པའི་ཚུལ་ནི་འདི་ལྟར་ཏེ།  སེམས་དཔའི་མཉམ་བཞག་དང་། གདུལ་བྱའི་བློ་དག་པ་རྗེས་ཐོབ་དང་མ་དག་པ་སོ་སྐྱེའི་བློ་སོགས་ལ་ལྟོས་ནས་འཇོག་པའོ།  རྫོགས་པ་ཆེན་པོའི་ལུགས་འདིར་ཐུན་མོང་མ་ཡིན་པ་སྐུ་གསུམ་གྱི་རྣམ་བཞག་གཏན་ལ་འབེབ་ཚུལ་ལ།  གཞི་ལ་སྦྱར་ནས་་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཆ་ནས་སྐུ་གསུམ་གྱི་རྣམ་བཞག་གཏན་ལ་འབེབ་ཚུལ་གཅིག་དང་།  གདུལ་བྱ་དང་བསྟུན་ནས་སྐུ་གསུམ་གྱི་རྣམ་བཞག་འཇོག་ཚུལ་དང་གཉིས་སུ་ཡོད།  རྫོགས་པ་ཆེན་པོའི་ལུགས་འདིར་རྫོགས་སྐུ་དང་སྤྲུལ་སྐུ་གཉིས་ལ་གཟུགས་སྐུའི་ཁྱབ་པ་གཏན་ནས་མེད་དོ།  དང་པོ་ལྟར་ན།  གཞི་ངོ་བོ་སྟོང་པའི་ཆ་ནས་བོན་སྐུ།  རང་བཞིན་གསལ་བའི་ཆ་ནས་རྫོགས་སྐུ།  ཐུགས་རྗེ་ཀུན་ཁྱབ་ཀྱི་ཆ་ནས་སྤྲུལ་སྐུའོ།  གཉིས་པ་ལྟར་ན།  སྒྲིབ་པ་གཉིས་མ་སྤངས་རང་གྲོལ་དུ་སོང་བ་བོན་སྐུ།  ས་བཅུ་སེམས་དཔའི་སྣང་ངོར་འཆར་བའི་ངེས་པ་ལྔ་ལྡན་གྱི་སྐུ་དེ་རྫོགས་སྐུ།  མ་དག་སོ་སྐྱེའི་སྣང་ངོར་འཆར་བའི་འདུལ་བ་གཤེན་དྲུག་ལྟ་བུ་སྤྲུལ་སྐུ་ཡིན་ཏེ།  གཡུང་དྲུང་རང་གྲུབ་ཀྱི་རྒྱུད་ལས། དེ་ཡང་སྐུ་གསུམ་རང་ལ་བརྩི་བ་དང་།  གདུལ་བྱའི་ངོས་ནས་བརྩི་བ་དང་གཉིས་སོ།  སྐུ་གསུམ་རང་ལ་བརྩི་བ་ནི།  རྟོག་མེད་ཀྱི་བོན་སྐུ་རང་མངའ་མཛད།  རང་ལ་རང་ལོངས་སྤྱོད།  རང་ལ་རང་ཐམས་ཅད་རྫོགས་པས། ལོངས་སྤྱོད་རྫོགས་པའི་སྐུ།  རིག་པ་རང་ལ་ཤར་ལ་ངོས་བཟུང་རྒྱུ་མེད།  མེད་ཀྱང་ཅི་ཡང་འཆར་བས་སྤྲུལ་པའི་སྐུའོ།  གདུལ་བྱ་དང་བསྟུན་པའི་སྐུ་གསུམ་ནི།  སྒྲིབ་པ་གཉིས་མ་སྤངས་པར་དག་པ།  གསེར་གཡའ་མེད་ཆུ་རྙོག་མེད། ནམ་མཁའ་སྤྲིན་མེད།  མེད་བཞིན་མཉམ་པ་ཉིད་དུ་གནས་པ་བོན་གྱི་སྐུའོ།  དེ་ཡང་རྟོག་མེད་མཉམ་ཉིད་བོན་གྱི་སྐུ།  དམིགས་མེད་རང་བཞིན་ཉིད་དུ་གནས།  ཞེས་སོ།  ལོངས་སྐུ་ནི།  གདུལ་བྱ་ས་བཅུའི་གཡུང་དྲུང་སེམས་དཔའ་གདུལ་བྱའི་དོན་དུའོ།  སྤྲུལ་སྐུ་ནི་མ་དག་པའི་སྣང་བ་འགྲོ་བ་ལ་འདུལ་བའི་གཤེན་དྲུག་ཏུ་སྤྲུལ་པའོ། ཞེས་གསུངས་པ་ལྟར་རོ།

སྟོང་པའི་རང་རྩལ་ལས་ཕྱི་ནང་གསང་གསུམ་གྱི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་ཤར་ཚུལ་དང་འབྲེལ་བའི་དཀའ་གནད།

ངོ་བོ་སྟོང་པའི་ཆ་ནས་རྟག་པ་མཐར་འཛིན་གྱི་མཐའ་དང་བྲལ། རང་བཞིན་གསལ་བའི་ཆ་ནས་ཆད་པ་མཐར་འཛིན་གྱི་མཐའ་དང་བྲལ།  ཐུགས་རྗེ་ཀུན་ཁྱབ་ཀྱི་ཆ་ནས་རྟག་ཆད་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་དང་བྲལ་བའི་རིག་པ་ཟང་ཐལ་གྱི་བུམ་སྐུ་རང་འབྱུང་གི་ཡེ་ཤེས་བྱ་བ་འདི། ངོ་བོའི་ཆ་ནས་སྟོང་པ་གཞི་སྟོང་རྩ་བྲལ་ཀ་དག་གི་སྐུ།  རང་བཞིན་གྱི་ཆ་ནས་རང་གསལ་འགག་མེད་ཡེ་ཤེས་ལྔ་ཡི་སྐུ།  ཐུགས་རྗེའི་ཆ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིག་པ་སྟོང་གསལ་སྒྲིབ་གཡོག་མེད་པའི་ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་མཁྱེན་ཞེས་མཚན་ཅི་ཡང་གདགས་སུ་རུང་བའི་ཕྱོགས་མེད་ཀྱི་རིག་པ་རྒྱ་ཡན་ཟང་ཐལ་ཆེན་པོ་འདི་ཉིད་སྟོང་ཉིད་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའི་རྩལ་ལས་འོད་དཀར་པོ། འོད་དཀར་པོ་ལས། ཕྱི་ལྟར་ན་གཤེན་ལྷ།  ནང་ལྟར་ན་ཀུན་སྣང་།  གསང་བ་ལྟར་ན་གཙོ་མཆོག་མཁའ་འགྱིང་།   ཕྱོགས་མེད་ཀྱི་རིག་པ་ཟང་ཐལ་འདི་ཉིད་མེ་ལོང་ཡེ་ཤེས་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའི་རྩལ་ལས་འོད་སེར་པོ། འོད་སེར་པོ་ལས།  ཕྱི་ལྟར་ན་གསས་རྗེ། ནང་ལྟར་ན་གསལ་བ་རང་འབྱུང་།  གསང་བ་ལྟར་ན་ཁྲོ་གསས་འཁའ་འགྱིང།  ཕྱོགས་མེད་ཀྱི་རིག་པ་ཟང་ཐལ་འདི་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའི་རྩལ་ལས་འོད་ལྗང་ཁུ།  འོད་ལྗང་ཁུ་ལས།  ཕྱི་ལྟར་ན་གར་གསས།  ནང་ལྟར་ན་དགེ་ལྷ།  གསང་བ་ལྟར་ན་རྔམ་གསས་མཁའ་འགྱིང་།  ཕྱོགས་མེད་ཀྱི་རིག་པ་ཟང་ཐལ་འདི་ཉིད་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའི་རྩལ་ལས་འོད་དམར་པོ། འོད་དམར་པོ་ལས། ཕྱི་ལྟར་ན་གནམ་གསས།  ནང་ལྟར་ན་བྱེ་བྲག་དངོས་མེད།  གསང་བ་ལྟར་ན་དབལ་གསས་མཁའ་འགྱིང་།  ཕྱོགས་མེད་ཀྱི་རིག་པ་ཟང་ཐལ་འདི་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའི་རྩལ་ལས་འོད་སྔོན་པོ། འོད་སྔོན་པོ་ལས། ཕྱི་ལྟར་ན་རྒོད་གསས།  ནང་ལྟར་ན་དགའ་བ་དོན་གྲུབ།  གསང་བ་ལྟར་ན་གཏུམ་གསས་མཁའ་འགྱིང་།  ཞེས་ཕྱི་ནང་གསང་གསུམ་གྱི་ལྷ་ཚོགས་ཤར་ཚུལ་འདི་རྣམས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་ཀྱི་གཞུང་ལས་གསུངས་ནའང་།   རིག་པ་ཟང་ཐལ་གྱི་རྩལ་ལས་ཤར་བའི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་དེ་རྣམས།  ཕྱི་ནང་གསང་གསུམ་གྱི་རིགས་ལྔ་དང་འབྲེལ་ནས་གསུངས་པས་ན།  སྐབས་འདིར་ཕྱི་ནང་གསང་གསུམ་གྱི་གོ་དོན་ཇི་ལྟར་འགྲེལ་དགོས་སམ་ཞེ་ན།  འདི་ལ་སྤྱི་དང་བྱེ་བྲག་གཉིས་ལས།  དང་པོ་ལྟར་ན།  ཉོན་མོངས་ཞི་བ་རང་གྲོལ་དུ་སོང་བའི་ཆ་ནས་ཕྱིའི་རིགས་ལྔ། ཉོན་མོངས་རྩུབ་པ་རང་གྲོལ་དུ་སོང་བའི་ཆ་ནས་ནང་གི་རིགས་ལྔ།  ཉོན་མོངས་ཤིན་ཏུ་རྩུབ་པ་རང་གྲོལ་དུ་སོང་བའི་ཆ་ནས་གསང་བའི་རིགས་ལྔ།  གཉིས་པ་ལྟར་ན། ཞེ་སྡང་ཞི་བ་རང་གྲོལ་དུ་སོང་བ།  ཞེ་སྡང་རྩུབ་པ་རང་གྲོལ་དུ་སོང་བ།  ཞེ་སྡང་ཤིན་ཏུ་རྩུབ་པ་རང་གྲོལ་དུ་སོང་བ་གསུམ།  གཏི་མུག་ཞི་བ་རང་གྲོལ་དུ་སོང་བ།  གཏི་མུག་རྩུབ་པ་རང་གྲོལ་དུ་སོང་བ།  གཏི་མུག་ཤིན་ཏུ་རྩུབ་པ་རང་གྲོལ་དུ་སོང་བ་གསུམ།  ང་རྒྱལ་ཞི་བ་རང་གྲོལ་དུ་སོང་བ།  ང་རྒྱལ་རྩུབ་པ་རང་གྲོལ་དུ་སོང་བ།  ང་རྒྱལ་ཤིན་ཏུ་རྩུབ་པ་རང་གྲོལ་དུ་སོང་བ་གསུམ།   འདོད་ཆགས་ཞི་བ་རང་གྲོལ་དུ་སོང་བ།  འདོད་ཆགས་རྩུབ་པ་རང་གྲོལ་དུ་སོང་བ།  འདོད་ཆགས་ཤིན་ཏུ་རྩུབ་པ་རང་གྲོལ་དུ་སོང་བ་གསུམ།  ཕྲག་དོག་ཞི་བ་རང་གྲོལ་དུ་སོང་བ།  ཕྲག་དོག་རྩུབ་པ་རང་གྲོལ་དུ་སོང་བ།   ཕྲག་དོག་ཤིན་ཏུ་རྩུབ་པ་རང་གྲོལ་དུ་སོང་བ་དང་གསུམ་ལ་ལྟོས་ཏེ།   ཕྱི་ནང་གསང་གསུམ་གྱིས་བསྡུས་པའི་རིགས་ལྔའི་ལྷ་ཚོགས་རྣམས་ཀྱི་ངོས་འཛིན་གནང་དགོས་པ་ཡིན་ཏེ།    རྫོགས་པ་ཆེན་པོ་ལྟ་བ་ཐོག་དབབ་བར་མའི་འགྲེལ་ལས།  ཕྱི་ནང་གསང་གསུམ་དུ་འབྱུང་བ་ནི།  ཉོན་མོངས་ཞི་བ་ལ་ཕྱིའི་རིགས་ལྔ་རུ་འཆར་སྟེ།  འཁོར་ཡང་དེ་བཞིན་དུ་འཆར་བའོ།  ཉོན་མོངས་རྩུབ་པ་ལ་ནང་གི་རིགས་ལྔ་རུ་འཆར་ཏེ།  འཁོར་ཡང་དེ་བཞིན་དུ་འཆར་བའོ།  ཉོན་མོངས་ཤིན་ཏུ་རྩུབ་པ་ལ་གསང་བའི་རིགས་ལྔ་རུ་འཆར་ཏེ།  འཁོར་ཡང་དེ་བཞིན་དུ་འཆར་བའོ། ཞེས་གསུངས་པའི་ཕྱིར།

རྫོགས་པ་ཆེན་པོའི་གཞུང་རྣམས་ལས་བཏང་བཞག་གི་ཚོད་བཟུང་ཞེས་པའི་གོ་དོན་འགྲེལ་ཚུལ།

གསང་བ་སེམས་ཕྱོགས་ཀྱི་གཞུང་རྣམས་སུ་བཏང་བཞག་གི་ཚོད་བཟུང་ལ་སྐལ་ལྡན་གྱི་གང་ཟག་མ་ནོར་ལམ་སྣ་ཁྲིད་ཅིག་ཅེས་གསུངས་པའི་ལུང་གི་དགོངས་དོན་ཇི་ལྟར་འགྲེལ་དགོས་སམ་ཞེ་ན།  བཅུད་དང་ལྡན་པའི་དཔོན་གསས་ཀྱིས།  སྣོད་དུ་རུང་བའི་སྣོད་ལྡན་སློབ་མའི་ཚོགས་རྣམས་ལ་དབང་ལུང་ཁྲིད་གསུམ་དང་། སེམས་ཕྱོགས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཟབ་མོ་རྣམས་ཀྱི་ཚིག་དོན་མི་གསང་བར་བཏང་ཏེ་འབྱིན་དགོས་ཞེས་པའི་དོན་ཡིན་ལ།  བཞག་ཅེས་པ་ནི་སྣོད་མེད་རྣམས་ལ་ཚིག་ཙམ་ཡང་མི་བསྒྲགས་པར་རང་སར་བཞག་དགོས་ཞེས་པའི་དོན་ཡིན་ཏེ།  རྫོགས་པ་ཆེན་པོ་ལྟ་བ་ཐོག་དབབ་ལས།   བཏང་བཞག་ནི་སྣོད་ལྡན་ལ་བཏང་སྟེ་མི་གསང་།  སྣོད་མེད་ལ་ཚིག་ཙམ་ཡང་མི་བསྒྲགས་ཏེ་བཞག་གོ   ཚོད་ལ་ཟུང་ཞེས་པ་ནི།  དེའི་ཚོད་ཟིན་པ་གལ་ཆེའོ།  ཞེས་གསུངས་སོ།

སྙན་རྒྱུད་ཀྱི་གཞུང་ལས་ཟབ་མོའི་སྙིང་གཏམ་ཚིག་གསུམ་ཁྱོད་ལ་བསྟན་ཞེས་པའི་སྙིང་གཏམ་ཚིག་གསུམ་གྱི་ངོས་འཛིན།

གྱེར་སྤུངས་སྣང་བཞེར་ལོད་པོས་ཚེ་སྤུངས་ཟླ་བ་རྒྱལ་མཚན་ལས་ངོ་སྤྲོད་ལྔ་ཡི་གདམས་པ་དང་། རྗེ་སྤྲུལ་པའི་སྐུ་ཏ་པི་ཧྲི་ཙ་ལས་ཕྱི་ལྟ་བ་སྤྱི་གཅོད་ཀྱི་སྐོར་ཞུས་ནས་གསན་ཟིན་པའི་རྗེས་ལ།  ནང་མན་ངག་དམར་ཁྲིད་སྒྲོན་མ་དྲུག་གི་གདམས་པ་ཤིན་ཏུ་སྨར་བ་དེ་དང་།  གསང་བ་རིག་པ་གཅེར་མཐོང་མན་ངག་ལེའུ་བརྒྱད་པའི་གདམས་ངག་ཤིན་ཏུ་ཟབ་པ་དེ་དང་།  ཡང་གསང་གནས་ལུགས་ཕུགས་ཆོད་སྐལ་ལྡན་ཤེས་རྒྱུད་གཞི་ལ་བསྐྱལ་བའི་མཐར་ཐུག་གི་གདམས་པ་དེ་གསུམ་ཞུས་པ་ཡིན། ཤིན་ཏུ་གཅེས་ཤིང་དམར་བའི་གདམས་པ་དེ་གསུམ་ལ།   ཟབ་མོའི་སྙིང་གཏམ་ཚིག་གསུམ་ཞེས་གསུངས་པ་ཡིན་ནོ།  འདིའི་སྐོར་གཟིགས་འདོད་ན་སྙན་རྒྱུད་རྒྱས་བཤད་ཆེན་མོའི་ནང་ལ་གཟིགས་དང་མཁྱེན་རྟོགས་འབྱུང་ངེས།

 

རྒྱུད་ཀྱི་རྒྱལ་པོ་ལུང་གི་སྤྱི་གཅོད་མན་ངག་གི་ཉིང་ཁུ་ཞེས་པའི་གོ་དོན་དང་འབྲེལ་བའི་དཀའ་གནད།

རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་སྐོར་བཞིའི་གཞུང་རྣམས་སུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ལུང་ཐམས་ཅད་ཀྱི་སྤྱི་གཅོད་མན་ངག་ཀུན་གྱི་སྙིང་པོ་ཞེས་པའི་གོ་དོན་གོང་མའི་གསུང་བཞིན་འགྲེལ་ན་འདི་འདྲ་ཞིག་གོ་དགོས་པར་མངོན་ཏེ།  གཏན་ཚིགས་དང་བཅས་པའི་རྒྱུད་ནི་ཕྱི་མཚན་ཉིད་ཀྱི་ཐེག་པའི་རྒྱུད་རྣམས་ཡིན་ཏེ།  ཀུན་དང་མཐུན་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་།  འཐད་པ་སྒྲུབ་པའི་རིགས་པ།  དགག་སྒྲུབ་དང་བཅས་པའི་རིགས་པ་ལ་སོགས་ཀྱི་རྣམ་དབྱེ་མང་དུ་བྱུང་ངོ་། ཁྱད་པར་དུ་མེད་དགག་གི་ལྟ་བ་གཏན་ལ་འབེབ་པའི་སྐབས་རྣམས་སུ་དབུ་མའི་རིགས་པ་ལ་དོན་ལྔ་དང་འབྲེལ་བ་སྟེ།  བོན་ཅན་གྱི་དོན་དང་།  བསྒྲུབ་བྱའི་དོན་དང་།  དགག་བྱའི་དོན་དང་།  དཔེའི་དོན།  གཏན་ཚིགས་ཀྱི་དོན་ལ་སོགས་ཡོད་པ་དེ་རྣམས་ལ་བརྟེན་ནས།   རྟོག་གེའི་རིགས་པས་བཙིར་ནས་སྤྲོས་བྲལ་རྟོགས་པའི་རིགས་ཤེས་དང་རྗེས་དཔག་ལ་སོགས་སྐྱེ་དགོས་པར་བཞེད་པ་དེ་རྣམས་ནི།  རྒྱུད་ཀྱི་རྒྱུད་ཀྱི་རྒྱལ་པོ་མ་ཡིན་ནོ།  རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནི། གཏན་ཚིགས་མེད་པའི་རྒྱུད་ཅེས་པ་དེ་ཉིད་ཡིན་ལ།  གོང་དུ་བཤད་པའི་རིགས་པ་རྣམས་ཀྱིས་གཏན་ལ་འབེབས་པར་མི་ནུས་ཤིང་དེ་དག་ལ་རགས་རྡུལ་ཙམ་ཡང་མ་ལས་པར།  རྒྱལ་བ་དགོངས་རྒྱུད་དགུ་ནས་བཟུང་དགོངས་པས་བྱིན་གྱིས་རླབས་པ་ལ་བརྟེན་ནས་རང་གྲོལ་གྱི་རྟོགས་པ་རང་རྒྱུད་ལ་ཤར་བ་དང་།  གང་ཟག་སྙན་ཁུང་གི་བརྒྱུད་པའི་སྐབས་རྣམས་སུ་གདམས་པ་ཟབ་མོ་སྙན་ནས་སྙན་དུ་བརྒྱུད་དེ་ཉམས་སུ་བླངས་པས་རང་གྲོལ་གྱི་རྟོགས་པ་རང་རྒྱུད་ལ་ཤར་བ་དང་།  གྲུབ་ཐོབ་ཉམས་ཀྱི་བརྒྱུད་པའི་གནས་སྐབས་སུ་ཉམས་ཐོག་ནས་བརྒྱུད་དེ་རང་གྲོལ་གྱི་རྟོགས་པ་རང་རྒྱུད་ལ་ཤར་བའི་རྒྱུད་དེ་རྣམས་ཡིན་ལ།   རང་གྲོལ་གྱི་རྟོགས་པ་རྒྱུད་ལ་ཤར་བ་ལ།  ཀུན་ཏུ་བཟང་པོ་ནས་བཟུང་ད་ལྟའི་ད་ལྟའི་བར།  རྒྱུད་ལུང་མན་ངག་གི་ཟམ་མ་ཆད།  ཐུགས་རྗེ་བྱིན་རླབས་ཀྱི་ན་བུན་མ་ཡལ།  དབང་དང་དངོས་གྲུབ་ཀྱི་ཉག་ཐག་མ་ཆད།  བླ་མའི་བྱིན་རླབས་དང་།  རང་གི་དད་པ་དང་།   བརྩོན་འགྲུས་ཀྱི་ཉེར་ལེན་གསུམ་ལ་བརྟེན་ནས།  ད་ལྟའི་རིག་པ་རྗེན་པ་འདི་ཉིད་ཡིད་དཔྱོད་དང་བློ་རྟོག་ལ་ལྟོས་མི་དགོས་པར་རང་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད་བསོད་ནམས་ཅན་ལ་དང་པོ་ཉིད་ནས་རིག་པ་རྗེན་པ་ཤར་བ་ཡིན་པས་ན།  གཏན་ཚིགས་མེད་པའི་རྒྱུད་ཅེས་གསུངས་པ་ཡིན།  རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཞེས་པའི་དོན་ཡང་དེའོ།   མདོར་ན་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཐོད་རྒལ་དང་ཁྲེགས་ཆོད་ཀྱི་གནད་རྣམས་ལ་བརྟེན་ནས་རང་གྲོལ་གྱི་དགོངས་པ་ཟབ་མོ་རང་རྒྱུད་ལ་ཤར་བ་ལས་ཁ་ཕྱིར་བལྟས་ཀྱི་གཏན་ཚིགས་དག་གིས་མ་ཡིན་ནོ།  འོ་ན་ཐེག་འགྲེལ་དང་ནམ་མཁའ་འཕྲུལ་མཛོད་སོགས་ལས་གཏན་ཚིགས་བཤད་པས་སོ་སྙམས་ན།  གཞུང་ཆེན་དཔྱོད་པའི་བློ་གྲོས་ཀྱི་མིག་དང་ལྡན་ན། དེ་རྣམས་ནི་བོན་ཉིད་ཀྱི་རིགས་པ་ཞེས་བྱ་བ་དེ་ཡིན་པ་ལས།  གོང་དུ་བཤད་པའི་གཏན་ཚིགས་དང་རིགས་པ་དེ་རྣམས་མ་ཡིན་ནོ།   ཐེག་པ་འོག་མའི་ལུང་ཐམས་ཅད་རྩོལ་སྒྲུབ་དང་བཅས་པའི་ལུང་ཡིན་ལ།  རྫོགས་པ་ཆེན་པོའི་ལུང་འདི་ནི།  བློས་བྱས་ཀྱི་རྩོལ་བ་ལ་རགས་མ་ལས་པའི་རྩོལ་མེད་ལྷུན་གྲུབ་ཀྱི་ལུང་ཡིན་པས།  ལུང་ཀུན་གྱི་སྤྱི་གཅོད་ཡིན་ནོ།  ཐེག་པ་འོག་མའི་མན་ངག་ཐམས་ཅད་ལོ་རྒྱུས་དང་གཏན་ཚིགས་ཀྱི་ལམ་ནས་མཚོན་དུ་ཡོད་པ་ཡིན་ལ།  རྫོགས་པ་ཆེན་པོའི་མན་ངག་འདི་ནི།  དང་པོ་བྱུང་བའི་ཁུངས་མེད།  བར་དུ་གནས་པའི་གཞི་མེད། ཐ་མ་འགྲོ་བའི་ཤུལ་མེད། གཞི་སྟོང་རྩ་བྲལ།  བྱ་ལམ་རྗེས་མེད་ཀྱི་རང་བཞིན་དུ་གནས་པས།  མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ།  སྙན་རྒྱུད་རྒྱས་བཤད་ཆེན་མོ་ལས།   འདི་ནི་གཏན་ཚིགས་དང་བཅས་པའི་རྒྱུད་ཀྱང་མ་ཡིན། རྩོལ་སྒྲུབ་དང་བཅས་པའི་ལུང་ཡང་མ་ཡིན།  ལོ་རྒྱུས་ཏན་ཏྲ་དང་བཅས་པའི་མན་ངག་ཀྱང་མ་ཡིན། གཏན་ཚིགས་མེད་པས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ།  རྩོལ་ཞིང་མི་སྒྲུབ་པས་ལུང་ཐམས་ཅད་ཀྱི་སྤྱི་གཅོད། ལོ་རྒྱུས་དང་གཏན་ཚིགས་འདི་ཞེས་མཚོན་དུ་མེད་པས་མན་ངག་ཐམས་ཅད་ཀྱི་ཉིང་ཁུ།  ཞེས་གསུངས་པ་ལྟར་རོ།   རྒྱུད་ལུང་་མན་ངག་གསུམ་གྱི་ངོས་འཛིན་སྐབས་སུ།  རྗོད་བྱེད་ཀྱི་ཚིག་ཁོ་ན་ལ་རློམ་ནས་བསམ་གཞིགས་མི་བྱ་བར།  ཕྱོགས་ཡོངས་ནས་རིག་པའི་རྒྱ་བསྐྱེད་དེ་ཐུགས་བསམ་བཞེས་དགོས་པ་ཡང་གལ་ཆེ་བར་མཐོང་ངོ་།  སློབ་དཔོན་ཆེན་པོ་ལི་ཤུ་སྟག་རིང་གིས་མཛད་པའི་ཞལ་ཤེས་གསུང་གི་སྒྲོན་མེ་ལས།  རྒྱུད་ལ་སྐུའི་རྒྱུད་དང་། གསུང་གི་རྒྱུད་དང་།  ཐུགས་ཀྱི་རྒྱུད་དང་།  ཡོན་ཏན་གྱི་རྒྱུད་དང་།  འཕྲིན་ལས་ཀྱི་རྒྱུད་དང་།  ཕྱི་རྒྱུད།  ནང་རྒྱུད།  གསང་རྒྱུད་ལ་སོགས་མང་ཡང་བསྡུས་ན་གསུམ།  ཐུགས་རྒྱུད། སྙན་རྒྱུད།   ཡིག་རྒྱུད་གསུམ་ལ། ཀུན་ཏུ་བཟང་པོའི་དགོངས་པ་ཐུགས་ལ་རིམ་པར་བརྒྱུད་པས་ཐུགས་རྒྱུད་ཡིན།  དེའི་དོན་ཚིགས་སུ་བཅད་དེ་སྙན་དུ་རྒྱུད་པས་སྙན་རྒྱུད།   ཚིག་དོན་བརྗོད་པའམ།  རྒྱུད་ཆད་ཀྱིས་དྭོགས་ནས་ཡི་གེར་བྲིས་པས་དཔེ་རྒྱུད་དོ།  ཀུན་ཏུ་བཟང་པོ་ལས་སོགས་པ། སྐྱེས་བུའི་ཐུགས་ཀྱི་དགོངས་པ་ཟབ་མོ་དེ།  མན་ངག་ཀུན་གྱི་རྩ་བའམ།  ངོ་བོ་ཡིན་པས་ཡང་དག་དོན་གྱི་གདམས་ངག   དོན་དེ་ཚིག་ཏུ་ཞལ་དུ་བཏོན་ལ་མཚོན་དགོས་པས་བླ་མའི་ཞལ་གྱི་གདམས་ངག   དེ་ཕྱི་རབས་ཀྱི་དོན་དུ་ཡི་གེར་བྲིས་པས། དཔེ་འམ་ཡི་གེའི་མན་ངག་གསུམ་དུ་དབྱེའོ།  ལུང་ལ་ཡང་གསུམ།  ཐུགས་ལ་གནས་པ་ཡང་དག་དོན་གྱི་ལུང་།  དེ་ཞལ་དུ་བཏོན་པ་བརྗོད་པ་ཚིག་གི་ལུང་།  དེས་གཞན་གྱི་དོན་གོ་ནུས་ནས་ཡི་གེར་བྲིས་པས།  དཔེའི་ལུང་དང་གསུམ་མོ།  དེ་ཡང་སོ་སོ་མ་ཡིན་ཏེ།  དེ་གསུམ་སྐྱེས་བུ་ཞིག་གི་ཐུགས་ཀྱི་དགོངས་པ་དེ་མན་ངག   དེ་ཞལ་དུ་བཏོན་པ་དེ་ལུང་།  དེ་མ་གོ་བ་ལ་དྲིས་ལན་ཕྲ་ཞིབ་རྒྱས་པར་བཤད་པས་རྒྱུད་དོ།  རྒྱུད་ལ་གསུམ།  རྒྱུད་ཀྱི་རྒྱུད་སེམས་ཉིད་རྣམ་པར་དག་པ་ཡིན། བོན་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ།  རྒྱུད་ཀྱི་ལུང་དེ་མཚོན་པའི་ཚིག   ལུང་འབོགས་དགོས་པའི་ཕྱིར་རོ།  རྒྱུད་ཀྱི་མན་ངག་དབང་བསྐུར་ནས་ཅིག་ཆར་དུ་ངོ་སྤྲོད་པའོ།  གདམས་ངག་ཏུ་དགོས་པའི་ཕྱིར་རོ།  དེ་ལྟར་གསུམ་གསུམ་དགུ་ཕྲུག་ཕྱེ་ཡང་།  རྟོགས་ན་གཅིག་ལ་ཚང་བ་ཡིན།  མ་རྟོགས་ན་སོ་སོ་གོ་ནས་མགོ་རྨོངས་པ་ཡིན་ནོ། ཞེས་གསུངས་པས་ལུང་འདི་ལ་ཡིད་བརྟོན་མཛད་པ་གལ་ཆེ།

 དཔེ་གཟིགས་ལས་བྱུང་བའི་རང་གྲོལ་ཉམས་ཀྱི་མགུར་དབྱངས་ཐོར་བུ།

རི་བོ་ཅོག་བཞག་ལྟ་བས་རང་ས་ནས་ཧྲིག་པས།།

ཁམས་གསུམ་ཡོངས་གྲོལ་དགོངས་པའི་ཀློང་ཆེན་ལ་སྦྱོར་ཏེ།།

ཉོན་མོངས་ཤུགས་དག་སོང་བའི་རྩལ་ཆེན་དེ་རྫོགས་ནས།།

ཡིད་བྱེད་མཁའ་ལ་དེངས་བའི་ལྟ་བ་དེ་ཧ་ཧ།།

རྒྱ་མཚོ་ཅོག་བཞག་དགོངས་པས་གཟིགས་སྟངས་དེ་བཅུན་ནས།།

སྣང་སྲིད་གཞི་མར་ཕུང་པའི་གཞི་བཞག་གི་དགོངས་པས།།

སྣང་སྲིད་ནམ་མཁར་གདབ་པའི་ཤུགས་འཐོན་གྱི་རྩལ་ལས།།

ཉི་ཟླ་ཁ་སྦྱོར་སོང་བའི་སྒོམ་པ་དེ་ཧ་ཧ།།

གཅེར་མཐོང་གཅེར་བཞག་གཅིག་གིས་གཞི་སྣང་ཀུན་གཅེར་གྲོལ།།

སྣང་སྲིད་གཞིར་བཞེངས་དགོངས་པའི་ཀློང་མཛོད་དེ་བརྡོལ་དུས།།

སྣང་སྟོང་སྒྱུ་མའི་རླབས་རིས་འོད་གསལ་གྱི་ངང་དུ།།

འགག་མེད་ལམ་དུ་སློང་བའི་སྤྱོད་པ་དེ་ཧ་ཧ།།

རིག་པ་ཅོག་བཞག་གཅིག་གིས་འཁོར་འདས་ཀུན་ཆོད་དེ།།

དགོངས་པ་སྲིད་གསུམ་རང་དག་རང་རྒྱུད་ལ་མེར་བས།།

ཐ་མལ་སྣང་ཞེན་ཚོགས་རྣམས་རང་གྲོལ་དུ་སོང་ནས།།

གང་ཟག་བོན་ལས་འདས་པའི་འབྲས་བུ་དེ་ཧ་ཧ།།

རིག་པའི་བཙན་ས་ཟིན་པས་གདན་ས་ལ་འཁོད་དོ།།

སྒོ་ལྔ་མིང་མེད་བྱས་པས་དམངས་རིགས་རྣམས་ཕབ་བོ།།

ཡིད་ཀྱི་རྒྱུན་ཐག་ཆད་པས་བློན་པོ་ནི་བཟུང་ངོ་།།

ཚོགས་བརྒྱད་ཡོངས་སུ་དག་པའི་རྣམ་དག་དེ་ཧ་ཧ།།

སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་རང་གྲོལ་གྱི་གཞུང་འགའ་ཞིག་ལ་དཔེ་བལྟ་ཅུང་ཙམ་བྱས་པའི་ལེགས་བྱས་འདི་ཉིད་གཞུང་ཆེན་དོན་གཉེར་ཅན་དང་བསྟན་པའི་སྙིང་པོ་རང་གྲོལ་རིག་པའི་བསྟན་མཆོག་འདི་ལ་ཤིན་ཏུ་མོས་ཤིང་དད་པ་རྣམས་ལ་མཆོད་སྤྲིན་གྱི་ཚུལ་དུ་ཕུལ་བ་དགེའོ། ཐ་ཚན་མུ་ཙུག་སྨར་རོ།