གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཡི་གེའི་གལ་གནད་སྐོར་ཅུང་ཙམ་མོལ་བ།

ཡི་གེའི་སྒྲ་དོན།

གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། ཡེ་ཤེས་ལུས་ཅན་གསལ་ཆ་མ་འགག་དང་། དབྱིངས་ཉིད་ཡུལ་གྱི་སྟོང་ཆ་མ་སྒྲིབ་པ། དབྱིངས་ལས་མ་བྲི་ཡེ་ཤེས་མ་ལུད་པར། ཐུགས་རྗེ་བྱིན་གྱིས་རླབས་ཀྱི་ཡི་གེ་འབྱུང་། ཞེས་དང་། ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས། ཤེས་བྱའི་བོན་གྱི་དབྱིངས་ཉིད་ལས། རྟོགས་པའི་རིག་པའི་དབྱིངས་ཉིད་ཀྱིས། རང་རིག་པ་ཡི་མངོན་སུམ་དུ། བྱས་པས་བྲིས་པ་དང་འདྲ་སྟེ། ཡི་གེ་ཕྱིར་ན་དེ་ཕྱིར་བརྗོད། ཅེས་བསླུ་མེད་ལུང་གིས་གསལ་བར་བསྟན་པ་ལྟར། ཡི་གེ་ཞེས་པ་འདི་འདོད་རྒྱལ་གྱིས་འདོད་དབང་ཁོ་ནས་བཏགས་པ་ཙམ་ཞིག་མིན་པར་འདི་ལ་མཚོན་དོན་དང་གོ་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི། ཡི་ཞེས་པ་རང་འབྱུང་གཤིས་ཀྱི་གནས་ལུགས་དང་། གེ་ཞེས་པ་རང་རིག་གསལ་བའི་རང་བཞིན་གཉིས་བསྟན་པ་ཡིན།དེ་གཉིས་ཟུང་དུ་འཇུག་པ་ལ་ཡི་གེ་ཞེས་འབོད། ཞང་ཞུང་གི་སྐད་དུ་གུ་གེ  བོད་ཀྱི་སྐད་དུ་ཡི་གེ་ཞེས་བརྗོད།  མདོར་ན་ཡི་གེ་ཞེས་པའི་ཚིག་འབྲུ་འདི་གཉིས་ཀྱིས། སྔ་རབས་འདས་པ་རྣམས་ཀྱི་གཤེགས་ཤུལ། ད་ལྟར་བཞུགས་པ་རྣམས་ཀྱི་ཐུགས་དགོངས། མ་འབྱོན་རྒྱལ་བ་ཡོངས་ཀྱི་འདྲེན་པ། གསུང་རབ་དུ་མའི་དགོངས་གཞི་རྩ་བ་རུ་བསྔགས་པའི་གསལ་སྟོང་ཡབ་ཡུམ་གཉིས་མཚོན་པར་བྱེད་པ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེའོ།

ཡི་གེ་རྩ་ཆེན་བརྩི་སྲོལ།

རང་ཅག་བོད་མི་རིགས་ཤིག་ཡིན་ཕྱིན་ལུང་པ་གཞན་དང་མི་རིགས་གཞན་གྱི་ལམ་སྲོལ་དང་ཅུང་མི་འདྲ་བར་རང་རིགས་ལ་ཐུན་མོང་མ་ཡིན་པའི་ཁྱད་བོན་ཞིག་ཡོད་པ་ནི། བོད་ཡིག་འདི་ལ་དམིགས་བསལ་གྱིས་གུས་བཀུར་དང་དད་མོས་བྱེད་སྲོལ་དེ་ཡིན། བོད་ཡིག་གདན་དུ་གཏིང་སྲོལ་མེད་ལ་ས་ལ་འཇོག་སྲོལ་མེད། རྐང་པས་འགོམ་ཡུག་དང་འབག་བཙོག་བྱེད་སྲོལ་དེ་བས་མེད།  བོད་ཡིག་བྲིས་པའི་ཚག་ཤོག་གིས་བཤང་ལམ་ཕྱིས་སྲོལ་མེད།  བོད་ཡིག་བྲིས་པའི་ཤོག་བུ་དང་རས་གོས་སོགས་ཀྱིས་སྣབ་ཕྱིས་དང་ཐབ་ཕྱིས་བྱེད་སྲོལ་མེད། བོད་ཡིག་བྲིས་པ་ཉལ་གདན་དང་མལ་གོས་བྱེད་སྲོལ་མེད། བོད་ཡིག་མི་གཙང་བའི་ཁུད་དུ་འཇོག་སྲོལ་གཏན་ནས་མེད། བོད་ཡིག་ས་ལ་ལྷུང་པ་མཐོང་ན། དེ་མ་ཐག་ཕྱག་གིས་བླངས་ཏེ་མཐོ་ས་ཞིག་ལ་འཇོག་སྲོལ་ཡོད། མ་མཐོང་བའི་དབང་གིས་བོད་ཡིག་རྐང་པས་བརྫིས་པ་དང་མནན་པ་སོགས་བྱུང་ཚེ། ཁ་ནས་ལྕེ་མནར་ཏེ་འགྱོད་བཤགས་དྲག་པོས་རང་གི་མགོ་སྟེང་ལ་འཇོག་པ་དང་། དཀོན་མཆོག་ལ་མཐོལ་བཤགས་འབུལ་སྲོལ་ཡོད།  དེ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དད་མོས་ཤིག་དང་གཟི་བརྗིད་ཅིག་ཡིན། གཡུང་དྲུང་གི་བོན་ལ་གོ་རྟོགས་ཅུང་ཙམ་ཡོད་པའི་མཚོན་རྟགས་ཤིག་ཀྱང་ཡིན། སྐྱབས་གནས་དཀོན་མཆོག་གསུམ་གྱི་ནང་ནས་བོན་དཀོན་མཆོག་ངོས་འཛིན་ཅུང་ཙམ་ཤེས་པའི་བདེན་དཔང་ཡང་ཡིན། གོང་མ་རྣམས་ཀྱི་བླ་ན་མེད་པའི་ལམ་སྟོན་དང་སློབ་གསོའི་བཀའ་དྲིན་ཡང་ཡིན། བོད་ཡིག་གི་རིན་ཐང་ཤེས་པ་དང་།  ནང་པ་སངས་རྒྱས་པའི་དྲི་མ་ཅུང་ཙམ་ཞིག་བྲོ་བའི་རྩམ་ཟན་པ་ཞིག་ཡིན་པའི་སྒྲུབ་བྱེད་ཀྱང་ཡིན། བོད་རིགས་དང་བོད་པས་བོད་ཡིག་ལ་ཆེ་མཐོང་བཞག་པ་ནང་བཞིན་འཛམ་གླིང་གི་མི་རིགས་སུས་ཀྱང་རང་གི་སྐད་ཡིག་ལ་དེ་ཙམ་གྱི་གུས་བཀུར་བྱེད་ཤེས་པ་མ་མཐོང་། དེ་ནི་ཕལ་ཆེར་སྐྱབས་འགྲོའི་གོ་རྟོགས་མེད་པའི་རྒྱུ་མཚན་གྱིས་མིན་ནམ་སྙམས། བོན་དཀོན་མཆོག་ལ་སྐྱབས་སུ་འགྲོ་ན། ཡི་གེའི་ཚོགས་རྣམས་ལ་འབག་བཙོག་གཏོང་བ་དང་འགོམ་ཡུག་བྱེད་པ་སོགས་མི་ཆོག  ཁྱད་པར་དུ་བཀའ་ཐོག་ཏུ་སྐུ་མི་བཞག་ཅེས་གོང་མ་རྣམས་ཀྱི་གསུང་སྲོལ་ཡོད།  བདེ་བར་གཤེགས་པའི་སྐུ་བརྙན་ཧ་ཅང་གི་རྩ་ཆེན་ཡིན་ནའང་། ཡི་གེའི་ཐོག་ཏུ་ནམ་ཡང་འཇོག་པར་མི་བྱེད།  གསུང་རབ་དང་གླེགས་བམ་ཡི་གེའི་ཚོགས་རྣམས་ལ་ཧ་ཅང་གི་ཆེ་མཐོང་དང་རྩ་ཆེན་བརྩིས་ནས་གུས་བཀུར་བྱེད་སྲོལ་ཞིག་ཡོད་པ་ནི། བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་ལ་ད་བར་སིམ་ནས་བསྡད་ཡོད།དེ་ནི་ངས་བོད་མི་རིགས་ཀྱི་བསོད་ནམས་དང་གཟི་བརྗིད་ཆེ་ཤོས་ཤིག་ཏུ་མཐོང་།

ཡི་གེ་རྩ་ཆེན་བརྩི་དགོས་པའི་རྒྱུ་མཚན།

སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པའི་མཛད་པ་དྲུག་ཅུའི་མདོ་ལས། 

གཤེན་རབ་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། མ་འོངས་འགྲོ་ཀུན་ཐར་པར་འདྲེན་པའི་དཔལ། གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། དེ་ཚེ་ང་ནི་མི་འབྱོན་ཡི་གེ་འབྱོན། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས། འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། ཞེས་གསུངས། སངས་རྒྱས་ཀྱི་གསུང་གི་སྙིང་པོ་འདི་ཡི་གོ་དོན་ནི། སངས་རྒྱས་མྱ་ངན་ལས་འདས་ནས་སྐུ་ཡི་འདུལ་བསྟན་རྫོགས་པར་གྱུར་ནའང་། མ་འོངས་ཕྱི་རབས་འགྲོ་བ་སེམས་ཅན་རྣམས་ལྐུགས་པ་ཁ་འབྱེད་པ་དང་། ཤེས་རྒྱུད་སྨིན་ཅིང་གྲོལ་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་བྱ་བའི་ཕྱིར་དུ། སངས་རྒྱས་གཤེན་རབ་མི་བོ་ཉིད་ཀྱི་ཞལ་སྔ་ནས།  ནམ་ཞིག་ང་ཉིད་མི་འབྱོན། ང་དང་དབྱེར་མེད་པའི་ངས་བསྟན་པའི་ཡི་གེ་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་འདི་རྣམས་འབྱོན་པར་ལུང་བསྟན་པ་དང་། རྒྱལ་བའི་བསྟན་པ་ཡང་ཡི་གེ་ལ་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་། མ་འོངས་ཕྱི་རབས་ཀྱི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་འཕྲུལ་གྱི་ཡི་གེ་འདི་ལ་གུས་བརྩི་དང་བཀུར་བསྟི་ཞུས་དགོས་ཞེས་ཕྱི་རབས་པ་རྣམས་ལ་གསུང་གི་ཉིང་ཁུ་འདི་ཉིད་བསྩལ། རྗེས་སུ་འཛིན་པ་རྣམས་ཀྱིས་ཀྱང་ཤེས་ནས་ཐོབ་པའི་དད་པས་སྣ་དྲངས་ཏེ།སྟོན་པ་ཐུགས་རྗེ་ཅན་གྱི་གསུང་ལ་གཙིགས་སུ་འཛིན་ནས། བོད་ཡིག་གིས་བྲིས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བརྟེན་འགྱུར་རིན་པོ་ཆེ་རྣམས་ལ་དམིགས་བསལ་གྱི་ཆེ་མཐོང་བཞག་ནས་གུས་བཀུར་བྱེད་པ་དང་། ཡིག་འབྲུ་ཀ་གཅིག་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་གཙུག་གི་རྒྱན་དུ་བསྐུར་སྲོལ་འདི་བྱུང་། གཞུང་ཆེན་རྣམས་ལ་ཁུངས་བཅོལ་ནས་ཞུས་ནའང་། རྒྱུད་ཆེན་ལྔ་ཡི་ཁོངས་ནས་ཁྲོ་བོ་གཙོ་མཆོག་གི་རྒྱུད་དུ་གྲགས་པའི་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་རྒྱུད་དང་ཡན་ལག་རྒྱུད་ཆེན་དྲུག་སོགས་ལས། ཡི་གེའི་སྐོར་ལ་ནང་གསེས་དབྱེ་ན། བོན་ཉིད་དབྱིངས་ཀྱི་ཡི་གེ་དང་། སྣང་སྲིད་ཡུལ་གྱི་ཡི་གེ  ཕུང་པོ་ལུས་ཀྱི་ཡི་གེ།  མཚོན་པ་མཚན་མའི་ཡི་གེ་དང་བཞི་རུ་གསུངས། ཕྱི་ནང་གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་ཕུང་པོའི་གནས་བཞི་བཅུ་རྩ་ལྔ་ལ། ཡིག་འབྲུ་བཞི་བཅུ་རྩ་ལྔ། ལྷ་བཞི་བཅུ་རྩ་ལྔ། སེམས་ཉིད་བཞི་བཅུ་རྩ་ལྔ་བཅས་སྦྱར་ནས་ཡི་གེའི་གལ་གནད་སྐོར་ཤིན་ཏུ་ཟབ་པར་གསུངས། ཆེ་བཞི་མཆོག་ལྔའི་ནང་ཚན་གསང་མཆོག་མཐར་ཐུག་གི་རྒྱུད་དུ་གྲགས་པའི་གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། བོན་ཉིད་དབྱིངས་ཀྱི་གསུང་རབ་ཏུ་གྲགས་པའི་གསལ་སྟོང་ཡབ་ཡུམ་གཉིས་རྟོགས་པའི་ཆེད་དུ། སྟོན་པ་ཐུགས་རྗེ་ཅན་གྱིས་མཚོན་པའི་ཡི་གེ་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་གཏན་ལ་ཕབ་པ་ཡིན་པར་གསུངས། སྐྱེ་མེད་ཐིག་ལེའི་འགྲེལ་དང་མ་རྒྱུད་ཀྱི་སྒོམ་རིམ་སོགས་ལ་གཞིགས་ན། ཀ་ཁ་ག་ང་བཞི་ནི་ཚོགས་ལམ་རྒྱལ་པོ་ཆེན་པོ་བཞིའི་ས་བོན་དང་།  ཅ་ཆ་ཇ་ཉ་བཞི་དང་། ཏ་ཐ་ད་ན་བཞི་ནི། ཚོགས་ལམ་དུར་ཁྲོད་ཀྱི་མཁའ་འགྲོ་མ་བརྒྱད་དང་མཐའ་འདུལ་གྱི་དབལ་བོན་ཆེན་པོ་བརྒྱད་དཔལ་མགོན་ནག་པོ་ཆེན་པོ་བརྒྱད་སོགས་ཀྱི་ས་བོན་ཡིན་པར་གསུངས། པ་ཕ་བ་མ་བཞི་ནི་སྦྱོར་ལམ་སྒོ་མ་བཞི་ཡི་ས་བོན་དང་། རྩ་ཚ་ཛ་ཝ་ཞ་ཟ་དྲུག་ནི་མཐོང་ལམ་གནས་ཆེན་ཉི་ཤུ་རྩ་བཞིའི་མཁའ་འགྲོའི་ས་བོན་དང་། འ་ཡ་ར་ལ་ཤ་ས་དྲུག་ནི། སྒོམ་ལམ་བྱ་ར་མ་དྲུག་གི་ས་བོན། ཧ་ཨ་རི་ལི་བཞི་ནི་ཐར་ལམ་མ་བཞིའི་ས་བོན། ཀྵ་ཨི་ཨུ་ཨེ་བཞི་ནི་སྨིན་ལམ་མ་བཞིའི་ས་བོན། ཨོ་ཨཾ་ཨཿ  ཥྚ་གྲོལ་ལམ་མ་བཞིའི་ས་བོན་ཡིན་པར་གསུངས་། མདོར་ན་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་ཡི་གེ་ལ་གནས་པར་བཞེད་པས། གཞུང་ཆེན་འདི་རྣམས་ལ་ཞིབ་ཏུ་གཟིགས་ནུས་པའི་བསོད་ནམས་ཀྱི་དཔལ་ཞིག་ཤར་ན། ཡི་གེ་ལ་དམིགས་བསལ་གུས་བཀུར་དང་ཆེ་མཐོང་དད་མོས་ཁྱད་པར་བ་བཞག་དགོས་པའི་རྒྱུ་མཚན་ཡང་ངང་གིས་ཤེས་ཐུབ་པར་འདུག་གོ

སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་ས་འཛིན་སྨན་གྱི་རི་བོ་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཀུན་དགའ་ར་བ་གསར་བཞེངས་ཀྱི་མཛད་སྒོ་ཉིན་རྟེན་འབྲེལ་མཚོན་ཕྱིར་རང་ཤག་སྣང་བ་དགའ་འཁྱིལ་དུ་དགའ་དད་སྤྲོ་གསུམ་གྱི་ངང་ནས་བྲིས།