གཡུང་དྲུང་བོན་གྱི་དྲྭ་རྒྱ།

བླ་མའི་རྣམ་ཐར་འབྲི་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

བླ་མའི་རྣམ་ཐར་འབྲི་ཚུལ། རྒྱལ་པོའི་རྒྱལ་རབས་འབྲི་ཚུལ། དཔོན་པོའི་དཔོན་རབས་འབྲི་ཚུལ། འཇིག་རྟེན་གྱི་མི་ཆོས་འབྲི་ཚུལ། དམ་པའི་ལྷ་ཆོས་འབྲི་ཚུལ། མཁས་པའི་རྟོགས་བརྗོད་འབྲི་ཚུལ། འདི་རྣམས་ལའང་སོ་སོའི་ལུགས་དང་བསྟུན་ནས་འབྲི་ཚུལ་གྱི་ལམ་ལུགས་དང་སྒྲིག་ལམ་ཞིག་ཡོད་པ་ལྟར། དེ་དག་གི་ནང་ནས་ཀྱང་ཆེས་མངོན་པར་འཕགས་པ་ཚེ་འདི་ཕྱི་གཉིས་ཀྱི་ནང་ནས་ཕྱི་མའི་དོན་ཆེན་གཙོ་བོར་བྱས་ནས་བླ་མའི་རྣམ་ཐར་ཞེས་པ་དེ་ག་འདྲ་ཞིག་འབྲི་དགོས་སམ་ཞེ་ན། འདི་ལ་ཡང་རབ་འབྲིང་ཐ་མ་གསུམ་སྟེ། རབ་ཀྱི་དབང་དུ་བྱས་ན། ཟབ་མོ་ཨ་ཁྲིད་དང་མན་ངག་སྙན་རྒྱུད་དང་ཀློང་ཆེན་བསྒྲགས་གསུམ་གྱི་བརྒྱུད་པའི་བླ་མ་རིག་འཛིན་གྲུབ་ཆེན་གོང་མ་རྣམས་ཀྱི་རྟོགས་ལྡན་ཉམས་རྒྱུད་ཀྱི་རྣམ་པར་ཐར་པ་ཡིག་ཐོག་ཏུ་བྲིས་ནས་བཀོད་པ་དེ་ལྟ་བུ་ཞིག་དགོས་ཏེ། དམ་པ་གོང་མ་རྣམས་ཀྱིས། བློ་ཐག་རྦད་ཀྱིས་བཅད། འདིར་སྣང་ལིང་གིས་བསྐྱུར། ཕ་ཡུལ་རྒྱབ་ཀྱིས་ཕྱོགས། ཁྱིམ་གྱི་བྱ་བ་བཏང་།  དགྲ་གཉེན་གྱི་གསེབ་ནས་བྲོས། འཇིག་རྟེན་དང་འབྲེལ་ཐག་བཅད། ཕྱི་མའི་དོན་ཆེན་གཙོ་བོར་བཟུང་། དཀའ་སྤྱད་སྙིང་རུས་ཀྱི་སྒོམ་བསྲན་བསྐྱེད། སྒྲུབ་པའི་རྒྱལ་མཚན་བཙུགས། རི་ཡི་བུ་བྱས། ན་བུན་གྱི་གོས་གྱོན། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། འདུག་པའི་གནས་བྲག་ཕུག་སྟོང་པ། འགྲོགས་པའི་གྲོགས་བྱ་གཅན་རི་དྭགས། ཟ་བའི་ཟས་འབྱུང་བའི་དྭངས་མ། བཏུང་བའི་ཆུ་གངས་ཆབ་བསིལ་མ། ཚུགས་པའི་གཉེན་ཡེ་ཤེས་མེ་དཔུང་། འདུག་པའི་ཚུལ་དམན་པའི་ས། གོན་པའི་གོས་དུག་པོ་རྩབ་ཧྲལ།  ཟ་བའི་ཟས་སྤྲང་ཟས་ངན་ངོན། བྱིན་རླབས་ཀྱི་རྟེན་དཔོན་གསས་བླ་མ། ཉམས་ལེན་གྱི་མཐིལ་གཅིག་ཤེས་ཀུན་གྲོལ། དེ་ལྟར་བསྡད་པ་མི་ཡིས་མི་ཚོར་བ། ན་བ་ལྷ་རྗེས་མི་ཚོར་བ། ཤི་བ་བླ་མས་མི་གཟིགས་པ། བསྡད་ན་འཕོངས་རྗེས་དང་འགྲོ་ན་རྐང་རྗེས་མ་གཏོགས་ལུས་རྒྱུ་མེད་པ་བྱས་ཏེ། ཆགས་མེད་ཞེན་མེད་ཀྱི་ངང་ནས་ཚེ་དང་སྒྲུབ་པ་མཉམ་དུ་མཛད་ནས། ཚེ་འདི་ལ་རོ་སྲེག་ཟེར་བའི་དུ་བ་ནག་ཚུབ་ཚུབ་འདི་གཏོང་མི་དགོས་པར་ངོ་མཚར་གྱི་འདས་རྟགས་ཉམས་དགའ་བ་དྭངས་བ་འདྲེན་པ་བྱིན་རླབས་ཆེ་བ་འདའ་དགའ་འཆི་བྲོད་ཀྱི་ངང་ནས། སྐྱེ་འཆིའི་སྣང་བ་སྤུ་ཙམ་མེད་པར་ལུས་རྡུལ་ཕྲན་དུ་དེངས། སྣང་བ་དབྱིངས་སུ་དེངས། རིག་པ་ཀ་དག་གི་ས་ལ་མཐར་ཕྱིན་ནས། ཕུང་པོ་ལྷག་མེད་དུ་ཀ་དག་ཁྲེགས་ཆོད་ཀྱི་གཤེགས་ཚུལ་གྱི་རིམ་པ་རྣམས་དང་། ཡང་ན་དངོས་ཀུན་འོད་གསལ་གྱི་ངང་དུ་དེངས། གཟུགས་ཕུང་འོད་ཀྱི་ལུས་སུ་དེངས། སེམས་ནི་རིག་པའི་ངང་དུ་དེངས་ནས། དེངས་པ་གསུམ་དང་ཐིམ་ལུགས་བརྒྱད་ཀྱི་སྒོ་ནས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཡེ་གདངས་ནང་དུ་ལོག་ཏེ་གཞོན་ནུ་བུམ་པའི་སྐུ་རུ་བཞུགས་ཤིང་ཤེལ་འོད་ཤེལ་ལ་ཐིམ་པ་ལྟར། ཕུང་པོ་ལྷག་མེད་སྒྲ་དང་འོད་ཀྱིས་བསྐོར་ནས་ལྷུན་གྲུབ་ཐོད་རྒལ་གྱི་གྲོལ་ལུགས་དེ་རྣམས་ཀྱི་དངོས་བྱུང་ལོ་རྒྱུས་ཀྱི་ཆེ་བ་བརྗོད་པས། རང་བཞིན་གྱིས་བྱིན་རླབས་རང་འབབ་ཏུ་བྱུང་ནས་བླ་མ་དེ་ཉིད་ཀྱི་གསེར་ཞལ་མ་མཇལ་ནའང་། བླ་མ་དེའི་མཚན་ཐོས་པ་ཙམ་གྱིས། ལུས་ཀྱི་བ་སྤུ་གཡོ་བ། མིག་ནས་མཆི་མ་བྲུག་པ། འཁོར་བ་ལ་ཞེན་པ་ལོག་པ། ཐར་པ་ལ་བྲོད་པ་སྐྱེ་བ། ཐར་འདོད་ཀྱི་བློ་ངང་གིས་སྐྱེ་བ། སྒོམ་སྒྲུབ་ཉམས་ལེན་བྱེད་སྙིང་འདོད་པ། བླ་མ་གོང་མ་རྣམས་ལ་དད་པ་དང་མོས་གུས་ཇེ་ཆེར་འཕེལ་བ། ནམ་ཞིག་གནམ་ལ་ཟླ་ཐིམ།  ས་ལ་ཞག་ཐིམ།  བར་ན་ཟ་མའི་ཁ་ཐིམ་ནས། ཐོད་པ་ས་ལ་བོར་བའི་དུས་ཆེན་དེ་ཐུག་དུས། ཉམས་ལེན་འདི་མིན་པས་སུ་དང་གང་གིས་མི་ཕན་སྙམས་པའི་བཅོས་མ་མ་ཡིན་པའི་ཡིད་ཆེས་དང་དད་པ་ཁོང་ནས་ཤར་བ་སོགས་འབྱུང་རྒྱུ་ཡོད་པ་ཞིག་རྣམ་ཐར་གྱི་སྲོག་ཤིང་དུ་བཟུང་ནས་འབྲི་ཐུབ་ན། དེ་ལྟ་བུ་ཞིག་ལ་བླ་མའི་རྣམ་ཐར་ཟེར། རང་ཉིད་ཐར་པ་ཆེན་པོའི་ས་ལ་གཤེགས་ཟིན་པ་ཙམ་དུ་མ་ཟད་རྗེས་འཇུག་རྣམས་ཀྱང་དེ་ལ་བརྟེན་ནས་ཐར་པ་ཆེན་པོའི་གྲོང་དུ་གཤེགས་པའི་མཐུན་རྐྱེན་ནམ་གྲོགས་སུ་གྱུར་བ་ཡིན་ནོ།

འབྲིང་གི་དབང་དུ་བྱས་ན། མི་གྲལ་ནས་ལེགས་པར་བུད་ནས་རི་ཡི་བུ་བྱས་ཏེ་ཆགས་མེད་ཞེན་མེད་ཀྱི་རྣལ་འབྱོར་ཞིག་བྱེད་མ་ཐུབ་ནའང་། དབང་ལུང་ཁྲིད་གསུམ་གྱིས་ཕྱུག་པའི་སྒོ་ནས་བཤད་སྒྲུབ་ཟུང་དུ་འབྲེལ་ཏེ་མཁས་བཙུན་བཟང་གསུམ་གྱི་བྱ་བས། བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བསྙེན་སྒྲུབ་ལས་གསུམ་དང་འབྲེལ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་པ་དང་སྐྱོང་བ་དང་སྤེལ་བའི་ཚུལ་ལ་སྒོ་ཀུན་ནས་གཞན་དྲིང་མི་འཇོག་པ་དང་བསྟན་པ་རིན་པོ་ཆེ་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་དང་།མཐར་མི་འཇིགས་པའི་གདེང་དང་བཅས་ཏེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གདན་ས་འཛིན་པའི་སྟོན་ཆེན་རྣམས་ཀྱི་རྣམ་པར་ཐར་པ་ལྟ་བུ་ཞིག་འབྲི་ཐུབ་ན། དེ་ལ་བླ་མའི་རྣམ་ཐར་ཟེར།

ཐ་མའི་དབང་དུ་བྱས་ན། གོང་མ་གཉིས་ལྟར་མ་གྲུབ་ཀྱང་རང་གི་རྒྱུད་ལ་ཡོད་པའི་སྡོམ་པ་དམ་ཚིག་རྣམས་ཉམས་ཆགས་མ་སོང་བར་ཚུལ་བཞིན་སྲུང་ནས་ལས་འབྲས་ལ་གཅེས་སྤྲས་སུ་མཛད་པའི་ཚུལ་དང་། བདག་དོན་དུ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ལ་གཙིགས་སུ་འཛིན་ནས་རང་གི་ཉམས་རྩ་མ་ཤོར་ཙམ་བྱས་ཏེ་མཐར་མི་འགྱོད་པའི་ངང་ནས་མྱ་ངན་ལས་འདས་པའི་ཚུལ་རྣམས་གསལ་བར་བཀོད་ཐུབ་ན་དེ་ཡང་བླ་མའི་རྣམ་ཐར་གྱི་གྲལ་དུ་ཚུད་པ་ཡིན་ནོ། མདོར་ན་བླ་མའི་རྣམ་ཐར་ཞེས་པ་ནི་རང་གིས་དཀའ་སྤྱད་སྙིང་རུས་དང་འབྲེལ་ནས་ཐར་པ་བྱང་ཆུབ་ཇི་ལྟར་སྒྲུབ་པའི་ཚུལ་དང་ཚུལ་དེ་ལ་བརྟེན་ནས་བླ་མེད་རྫོགས་བྱང་གི་ས་ལ་ཇི་ལྟར་གཤེགས་ཚུལ་གྱི་ལོ་རྒྱུས་ཀྱི་ཆེ་བ་བརྗོད་པས་གཞན་ལ་ཡང་འཁོར་བ་ལ་ངེས་འབྱུང་གི་བློ་དང་། ཐར་པ་དོན་གཉེར་གྱི་འདུན་པ་ཙམ་ཞིག་མ་ཐ་ངང་གིས་སྐྱེ་རྒྱུ་ཡོད་པ་ཞིག་ནི་ངེས་པར་དུ་དགོས་སོ། དེ་མིན་སྲིད་པའི་ཕུན་ཚོགས་དོན་དུ་གཉེར་ཚུལ་དང་མང་ཚོགས་བསྡུ་འཛོམས་ཀྱི་ལས་ལ་བྲེལ་ཚུལ་དང་འཇིག་རྟེན་འདི་ཡི་ལྟོ་གོས་གཏམ་གསུམ་སྒྲུབ་ཚུལ་དང་རྒྱུ་ནོར་ལོངས་སྤྱོད་ཀྱི་འབུལ་སྡུད་བྱུང་ཚུལ་རྣམས་རྣམ་ཐར་གྱི་ཆེ་བ་རུ་རློམས་ནས་གཙིགས་སུ་འཛིན་ཏེ་བྲིས་ན།  དེ་ནི་བླུན་པོ་འགའ་ཞིག་ངོ་མཚར་སྐྱེ་བའི་རྒྱུ་ཙམ་ལས་བླ་མའི་རྣམ་ཐར་དུ་མི་རུང་ཞིང་། འཁོར་བ་ལ་ངེས་འབྱུང་དང་ཐར་འདོད་ཀྱི་བློ་སྐྱེ་བ་ལ་ཏིལ་འབྲུ་ཙམ་མི་ཕན་པས། དེ་ལྟར་འབྲི་བ་ནི་རྣམ་པ་ཀུན་ཏུ་རུང་བ་མ་ཡིན་ནོ་ཞེས་གོང་མ་རྣམས་ཀྱི་གསུང་རྒྱུན་ཡོད་པ་དེ་ལྟར་རོ།

ཀུན་མཁྱེན་ཤར་རྫ་བ་ཆེན་པོས།

ལར་ནི་རྣམ་པར་ཐར་པ་ཞེས།

རབ་ཀྱིས་སྟོང་ཉིད་སྙིང་རྗེའི་སྒོས། 

སྲིད་དང་ཞི་བར་མི་གནས་པས།

མཐའ་གཉིས་ལས་ནི་རྣམ་པར་གྲོལ།

དེ་ཡི་ཡོན་ཏན་བརྗོད་པ་དང་།

འབྲིང་གི་ངེས་པར་འབྱུང་བའི་བློས།

འཁོར་བའི་གྲོང་ལས་རྣམ་པར་ཐར།

དེ་ཡི་ལོ་རྒྱུས་བཤད་པ་དང་།

ཐ་མ་དད་པ་རྣམ་དག་གིས།།

ངན་འགྲོའི་གནས་ལས་ཐར་པའི་ཚུལ།།

དེ་དག་དེ་ཡིས་བཤད་བྱ་ཡིན།

ཞེས་གསུངས་སོ།

སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས།