གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐབས་ ༤༣ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱིས་དཔར་སྐྲུན་ཞུས་པའི་དཔེ་དེབ་བཞི་འགྲེམ་སྤེལ་གནང་བ།

གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་ ༡༩༧༨ ལོར་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དབུ་བརྙེས་ནས། རིམ་བཞིན་བཤད་སྡེའི་རྒྱུན་ལས་ཀྱང་བཀོད་བཞག་གནང་ཡོད་པ་དང་། དེ་རྗེས་སྤྱི་ལོ་ ༢༠༠༢ གནས་དབུ་བརྩམས་ཏེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་སོའི་རྒྱུན་ལས་རྣམས་ཀྱིས། བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་སློབ་ལམ་སྟོན་འོག རྒྱལ་ཕྱི་ནང་གང་སར་བཞུགས་པའི་ཤེས་ལྡན་དོན་གཉེར་གྱི་མི་སྣ་སྤྱི་དང་། བྱེ་བྲག་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་རྣམས་ཀྱི་དགོས་མཁོ་དང་བསྟུན་ནས། 

ལོ་རེ་བཞིན་གདན་ས་འདིའི་ཡིག་ཆ་གོང་འོག་བར་གསུམ་གཙོས། རྒྱལ་བའི་བཀའ་དང་བཀའ་བརྟེན། ཁྱད་པར་དུ་དཔེ་རྙིང་དཔེ་དཀོན་ལག་སོན་བྱུང་པའི་གལ་ཆེའི་གསུང་རབ་རིགས་གང་མང་དེབ་གཟུགས་སུ་པར་སྐྲུན། དང་བསྐྱར་པར་སོགས་གནང་དང་གནང་མུས་ལྟར།

ད་ལན་སྐབས་ ༤༣ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ནས་ཀྱང་། ༡ ༸རྒྱལ་བའི་བཀའ་རིན་པོ་ཆེ་“རྫོགས་ཆེན་སེམས་སྨད་སྡེ་དགུ་”དང་། ༢ གཡས་རུའི་སྟོན་པ་དྲུག་པ་གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་“སྤྱི་སྤུངས་གསལ་བའི་སྒྲོན་མ་དོན་རྒྱུད་རྒྱས་པའི་གསལ་བྱེད་“། ༣ དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད་པའི་“གསང་སྔགས་མ་རྒྱུད་ཀྱི་ཐར་སྨིན་གྲོལ་གསུམ་དང་འབྲས་བུའི་འགྲེལ་“བཅས་ཀྱི་དེབ་གཅིག ༤ མེ་སྟོན་ཆེན་པོ་ཤེས་རབ་འོད་ཟེར་གྱིས་མཛད་པའི་“འདུལ་བ་ཀུན་བཏུས་ཀྱི་གཞུང་”དང་། རྗེ་མཉམ་མེད་ཆེན་པོས་མཛད་པའི་“འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ།“ ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་“འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་”བཅས་ལྷན་དུ་སྒྲིག་པའི་དེབ་གཅིག་བཅས་དེབ་ཕྲེང་བཞི་པར་སྐྲུན་ཞུས་ཏེ། དེ་རིང་སྤྱི་ལོ་ ༢༠༢༣། ཟླ་བ་ ༩ པའི་ཚེས་ ༦ དང་བོད་ཟླ་ ༧ པའི་ཚེས་ ༢༢ ཉིན་སྐྱབས་རྗེ་མཁན་སློབ་རྣམ་པར་པར་ཕུད་ཕུལ་ཞིང་། དགེ་འདུན་མང་ཚོགས་ལ་འགྲེམ་སྤེལ་གནང་སྟེ་ད་བར་བཤད་སྒྲུབ་འདུས་སྡེ་པར་སྐྲུན་ཞུས་པའི་དཔེ་དེབ་སྤྱི་ཡི་དེབ་ཕྲེང་ ༨༣ ཟིན་ཡོད་པ་རེད་འདུག་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ ༤༣ པའི་རྒྱུན་ལས།

ཚོགས་གཙོ། མེ་ཉག་གཡུང་དྲུང་རྣམ་རྒྱལ། ཚོགས་གཞོན། ཟིང་ཆུ་འགྱུར་མེད་ཀུན་གྲགས། དྲུང་ཡིག གཟི་རྩ་སངས་རྒྱས་དོན་གྲུབ། གཉེར་པ། ངག་དབང་ཤེས་རབ། རྩིས་པ། ཉག་རོང་བསྟན་འཛིན་རྒྱལ་པོ། དགེ་སྐོས། དུང་དཀར་ནམ་མཁའ་རྒྱལ་མཚན།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་སྐྲུན་ཞུས་ཟིན་པའི་ཕྱག་དཔེ་དག་གི་དཀར་ཆག་བསྡུས་པ་འདི་ནས་གཟིགས་ཐུབ།