-
མོན་ཡུལ་ནས་གསར་རྙེད་བྱུང་བའི་བོན་གྱི་དཔེ་རྙིང་བདམས་བསྒྲིགས་ཞིག་དཔེ་དེབ་དཔར་བསྐྲུན་གནང་བ།
དཔེ་སྐྲུན་གསལ་བཤད། དེ་ཡང་ཉེ་ལམ་ཕྱི་ལོ་༢༠༡༨ ཟླ་ ༥ པའི་ནང་ཝཱ་ཎའི་སློབ་དཔོན་དགེ་བཤེས་རྣམ་དག་གཙུག་ཕུད་དང་ཕྲན་དགེ་བཤེས་ཤེ་ཙུ་རྒྱ་མཚོ་གཉིས་མོན་ཡུལ་དུ་སྤྲོ་འཆམ་ཆེད་ཕྱིན་པ་ཡིན། མོན་ཡུལ་དུ་སླེབས་སྐབས་སྣོད་བཅུད་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཆ་ནས་བོད་རོང་ཕྱོགས་ཀྱི་ས་ཆ་ཞིག་ཏུ་སླེབས་པའི་ཚོར་སྣང་རང་བཞིན་གྱིས་སྟེར་བ་ཞིག་འདུག ཡུལ་དེའི་ཁོར་ཡུག་ནི་ནམ་ཟླ་དུས་བཞིའི་ཁྱད་མེད་པར་རྣམ་ཀུན་ལྗང་མདོག་ཏུ་གནས་པར་བཤད། ཡུལ་མིའི་འཚོ་ཐབས་ནི་ཞིང་འབྲོག་གཉིས་ཀའི་ཐོན་སྐྱེད་ཡོད་པ་ལས་གཙོ་བོར་སོ་ནམ་ཞིང་ལས་ལ་བརྟེན་པའི་ཡུལ་གྲུ་ཞིག་ཏུ་སྣང། དེང་སྐབས་ཀྱི་ན་གཞོན་ཕལ་ཆེ་བ་ལ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་འདུག་ལ། སློབ་མཐར་ཕྱིན་པའི་གཞོན་སྐྱེས་མང་པོ་ཞིག་གིས་གཞུང་སྒེར་ཅི་རིགས་སུ་དེང་རབས་སྤྱི་ཚོགས་ཀྱི་ལས་དོན་གཉེར་བཞིན་པ་ནི་ཅུང་དགའ་འོས་པའི་གནས་སུ་མཆིས། ཡུལ་འདི་སྔོན་དུས་སུ་བོད་ཀྱི་ཁྱབ་ཁོངས་ཡིན་པར་མ་ཟད་ཆོས་ལུགས་ཀྱང་གནའ་དུས་སུ་བོན་ལུགས་ཁོ་ན་ཡིན་པར་བཤད། རྗེས་སུ་ཆོས་བརྒྱུད་གཞན་ཁག་རིམ་པས་དར་ཁྱབ་བྱུང་ཡོད་འདུག།
-
༧ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་གི་མཛད་རྣམ་མདོར་ཙམ་བརྗོད་པ།
རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤་པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་ནི། བོད་གངས་ཅན་ལྗོངས་ཀྱི་མདོ་སྨད་ས་ཡི་ཆར་དུ་གཏོགས་པ། གནས་ཆེན་བྱང་བྱ་དུར་སྔོན་མོ་དང་ཤར་དུང་རི་དཀར་པོའི་ཉེ་འདབས་སུ་ཆགས་པའི་ཡུལ་ལུང་ཟིང་ཆུ་རུ་འབོད་པའི་ས་གནས་དེར། ཡབ་དཔལ་ཡོན་འབུམ་གསལ་དང་ཡུམ་ཀླུ་གཡང་ཕྱུག་མོ་གཉིས་ཀྱི་སྲས་སུ་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་ཆུ་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་ ༡༩༧༢ཟླ་བ་ ༡༡ ཚེས་ ༢༩ ཉིན་སྐུ་བལྟམས་ཏེ་མཚན་ལ་ནོར་བུ་བསམ་འཕེལ་ཞེས་སུ་གསོལ།
-
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་བསྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོའི་ཉིན་དང་པོ།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༠༦ ཉིན་གྱི་སྔ་དྲོའི་ཕྱག་ཚོད་༧།༣༠ ཐོག་སེར་སྐྱ་མི་མང་རྣམས་ལྷ་རྒྱལ་རི་རྩེར་ལྷན་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་གྱི་བསང་དུད་གཡུ་འོད་ནམ་མཁའ་གང་བ་དང་དྲི་བདའ་སྨན་སྤོས་སོགས་ཀྱིས་བསུང་ཞིམ་ས་གཞིར་ཁྱབ་པ་དང་དགུང་སྔོན་དབྱིངས་སུ་རླུང་རྟའི་འོད་ཀྱིས་འཚེར་བར་གནང་ཞིང་དེ་བཞིན་རླུང་རྟ་སྒྲོན་འཛུགས་དང་ཀི་བསོ་ལྷ་རྒྱལ་སོགས་ཀྱི་ཚིག་བཤད་དབྱངས་སུ་གྱེར་ནས་བསང་གསོལ་གྲུབ་རྗེས།
-
༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་བརྒྱད་པས་དཔེ་དེབ་ཁག་དཔར་བསྐྲུན་འགྲེམ་སྤེལ་གནང་བ།
དཔེ་སྐྲུན་གསལ་བཤད། ༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ནི་བགྲང་བྱ་ཁྲི་ཕྲག་གི་ཡར་སྔོན་ནས་གཅེས་སུ་འོས་པའི་འཛམ་གླིང་ཡང་རྩེར་འཚོ་བའི་གངས་ལྗོངས་མི་རིགས་ཀྱི་བླ་སྲོག་དང་། ཞང་བོད་མཐོ་སྒང་གི་དབུ་རྩེ་ནས་མཆེད་པའི་ཐུན་མིན་རིག་པའི་གཞུང་ལུགས་ཀྱི་བོང་མཛོད་ཅིག་ཡིན་ལ། དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་༧རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གསུངས་པའི་བཀའ་སྡེ་སྣོད་ཀྱི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་ངམ་མདོ་འབུམ་རྒྱུད་མཛོད་བཞི་རུ་བཞུགས་པ་འདི་རྣམས་ནི། བྱུང་རབས་ཀྱི་ཆ་ནས་མི་ལོ་ཁྲི་ཕྲག་ལས་བརྒལ་བའི་ལོ་རྒྱུས་ལྡན་ཡོད་ཅིང༌། རིན་ཐང་ཡང་གཞལ་དུ་མེད་པའི་མཐོ་སྒང་གི་ཕ་ནོར་ཉག་གཅིག་སྟེ། སེམས་ཅན་གྱི་བདེ་སྐྱིད་ཀུན་གྱི་འབྱུང་གནས་མདོ་སྔགས་སེམས་གསུམ་གྱི་མ་ལག་ཡོངས་སུ་ཚང་བ་ཞིག་ཡིན། འོན་ཀྱང་སྙིགས་མའི་དུས་འདིར་སེམས་ཅན་གྱི་ལས་བསོད་བྲི་ཞིང་དམན་པའི་དབང་གིས་ཉམས་ཉེས་ཤུགས་ཆེར་བྱུང་ཡོད་ནའང༌། དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ་ྋསྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་བོད་ཕྱི་ནང་དུ་བཞུགས་པའི་བླ་སྤྲུལ་སྐྱེས་ཆེན་བཤེས་གཉེན་དམ་པ་རྣམས་ཀྱིས། འགྱེལ་ས་ནས་སློང༌། ཉམས་ས་ནས་གསོ་བའི་ཐུགས་ཁུར་ཕྲག་ཏུ་བཞེས་ཏེ། བཅུ་ཕྲག་རིག་པ་བརྡོལ་བའི་གཏེར་གནས། དགོན་སྡེ་དང། བཤད་གྲྭ། སྒྲུབ་གྲྭ། སློབ་གྲྭ་རྣམས་སླར་གསོ་དང་གསར་འཛུགས་ཀྱི་ལམ་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་རླབས་ཆེན་གྱི་བྱ་བཞག་མཛད་དེ། བོད་ཕྱི་ནང་གཉིས་སུ་བསྟན་པའི་མེ་རོ་སླར་གསོའི་མཛད་འཕྲིན་བླ་ན་མེད་པ་བསྐྱང་ཡོད། ལྷག་པར་དུ་ཞིང་གཤེགས་དམ་པ་ྋཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས། བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་དཔེ་རྙིང་གི་རིགས་རྣམས་དོ་སྣང་ཆེན་པོས་གཟིགས་དགོས་པར་མ་ཟད། དཔེ་རྙིང་དང་དཔེ་དཀོན་གྱི་རིགས་རྣམས་པར་སྐྲུན་གནང་ཐུབ་ན་དགེ་མཚན་ཆེ་བའི་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན།
-
༧སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་གི་གསུང་རྩོམ་དབུ་འབྱེད་གནང་བ།
ཕྲན་རང་ཉིད་ཀྱི་རྩོམ་དེབ་དང་པོ་༼རིགས་སྨྲ་དགྱེས་པའི་མཆོད་སྤྲིན་༽ཞེས་པ་དེ་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཟིན་པ་ཡིན་ཞིང་།། ད་ལན་རང་རྩོམ་དེབ་ཕྲེང་གསུམ་སྟེ། ༼མན་ངག་ལུང་གི་ཡང་ཞུན་༽སྟོད་ཆ་སྨད་ཆ་དཔེ་དེབ་གཉིས་དང་༼གཡུང་དྲུང་གི་མཚོན་དོན་༽ཞེས་པའི་དཔེ་དེབ་གཅིག་བཅས་ཁྱོན་གླེགས་བམ་གསུམ་གྱི་བདག་ཉིད་ཅན་དེ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་མཆོག་གི་འདས་མཆོད་ཆེན་མོའི་ཉིན།། རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སྤྱན་ལམ་དུ་འབུལ་ལམ་ཞུས་པ་འདི་ནི།། ༧ཞིང་གཤེགས་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་འཚོ་བའི་བཤེས་གཉེན་ཞིག་གིས།། རང་གི་ལས་ཀྱིས་འབྲེལ་བའི་ཡབ་ཆེན་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་པའི་ཆེད་དུ་ཡིན། ༧སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་ནས། དཔེ་སྐྲུན་གསལ་བཤད། ད་ལན་འདི་ག་སྨན་རིའི་གླིང་གི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་༼སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་༽ཅེས་པ་གླེགས་བམ་གསུམ་གྱི་བདག་ཉིད་ཅན་འདི་ནི། མདོ་སྔགས་སེམས་གསུམ་ལ་ནང་བྱན་ཆུབ་པའི་སྨན་རིའི་བཤད་སྒྲུབ་མཁན་པོ་ཁོང་གིས་ལོ་མང་རིང་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ལ་འཆད་རྩོད་རྩོམ་གསུམ་གནང་བའི་འབྲས་རྟགས་སུ་མཛད་གནང་བའི་མན་ངག་ལུང་གི་ཡང་ཞུན་དང་རིག་པའི་གཏེར་མཛོད་ལྟ་བུ་ཞིག་རེད། ནང་དོན་གྱི་ཐད་ནས་རྒྱ་ཆེའི་གཡུང་དྲུང་བོན་གྱི་གནའ་བོའི་གཞུང་ལུགས་ཟབ་མོ་ཁག་ལས་གནད་དོན་རྣམས་ཟུར་འདོན་གནང་བ་དང་། དཀའ་གནད་རྣམས་ཚད་མ་གསུམ་གྱི་སྒོ་ནས་དོགས་གཅོད་ཀྱི་འགྲེལ་བཤད་ཞལ་གསལ་གོ་བདེ་མཛད་ཡོད་པ་མ་ཟད་མཁས་གྲུབ་གཉིས་ལྡན་གྱི་རྒྱལ་དང་རྒྱལ་སྲས་མཁས་པའི་ཚོགས་ཀྱི་དགོངས་དོན་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་ཀྱི་སྤྱི་དོན་མར་ཁུ་ལྟ་བུ་ཞིག་ཀྱང་རེད། རྗོད་བྱེད་ཀྱི་ཐད་ནས་ཀྱང་ཚིག་ཉུང་ལ་དོན་འདུས་པ་གོ་རིམ་ལྟར་བསྐྱར་འབྲི་དང་ལད་ཟློས་ཙམ་མ་ཡིན་པར་རྩེ་བའི་དོན་གནད་ཁག་ལ་གསལ་ཁ་དོད་ཅིང་། གཞུང་ཆེན་དོན་གཉེར་ཅན་རྣམས་ལ་ཕན་སེམས་ཀྱི་ཀུན་ནས་བསླང་སྟེ་གསུང་རབ་རྒྱ་མཚོའི་འཇིངས་ལྟ་བུ་ལ་བཞུགས་ནས་ལྷག་བསམ་རྣམ་པར་དག་པས་སྐུ་ངལ་ཚད་མེད་བསྐྱོན་ཏེ་རང་རེའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་མཐུན་རྐྱེན་བླ་ན་མེད་པ་ཞིག་བསྐྲུན་འདུག་པར་སེམས། མདོར་ན་ཁོང་གི་གསུང་རྩོམ་ཁག་འདི་ནི་བོད་རང་གི་གནའ་བོའི་གཞུང་ལུགས་དང་དེའི་ལྟ་སྒོམ་སྤྱོད་གསུམ་ཁྱད་པར་དུ་གཡུང་དྲུང་བོན་དང་ཞང་ཞུང་གི་རིག་པར་སློབ་གཉེར་དང་ཐུགས་སྣང་གནང་མཁན་རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་གཞོན་སྐྱེས་སློབ་གཉེར་པ་རྣམས་ལ་སློབ་གཉེར་གྱི་ས་བོན་གལ་ཆེན་ཞིག་ཏུ་དམིགས་ཏེ་འདི་ག་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པ་ཡིན་པས་དེ་ལུགས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་སྨོན་འདུན་བཅས། ༧སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་པ་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་དུ་འབོད་པས། ༢༠༡༨།༠༧།༢༥ ༧སྨན་རིའི་བཤད་སྒྲུབ་མཁན་པོ་ག་གཟི་དགེ་བཤེས་ཉི་མ་དོན་གྲུབ་མཆོག ཕྱི་ལོ་༡༩༧༨ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་འཁྲུངས་ཤིང་དགུང་གྲངས་བརྒྱད་ནས་བོན་གཞིས་ས་གནས་ཉིན་སློབ་ཏུ་བསྐྱོད་ཅིང་ལོ་རིམ་བརྒྱད་པ་སློབ་མཐར་ཕྱིན། ༡༩༩༢ལོར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ༧རྒྱལ་བ་སྨན་རི་བའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་གཙང་གཙུག་གི་སྡོམ་པ་བཞེས་ཤིང་མཚན་ལ་ཉི་མ་དོན་གྲུབ་ཅེས་གསོལ། དེ་ནས་༧དཔལ་གཤེན་བསྟན་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་གནང་། ཕྱི་ལོ་༡༩༩༦ལོའི་བོད་ཟླ་བ་དང་པོའི་ཚེས་ལྔ་ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་པ་བཞེས། ཕྱི་ལོ་༢༠༠༦ལོའི་ཟླ་བ་༣པའི་ཚེས་༡༥ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་མདུན་ནས་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་སྦྱངས་པ་མཐར་སོན་གྱི་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་གནང་མཛད། ཕྱི་ལོ་༢༠༠༨ལོར་གདན་ས་ཆེན་མོ་སྨན་རི་བའི་བཤད་སྒྲུབ་སློབ་དཔོན་གྱི་ཁྲི་ལ་མངའ་གསོལ་མཛད་ཅིང་ཕྱི་ལོ་༢༠༡༢ལོར་སྨན་རིའི་བཤད་སྒྲུབ་མཁན་པོའི་ཁྲི་ལ་མངའ་གསོལ་མཛད། དེ་ནས་བཟུང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལ་ཉིན་ལྟར་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་སློབ་ཁྲིད་གནང་མུས་སུ་བཞུགས། སྔ་ཕྱིར་གྲྭ་ཚང་གི་དུང་པ་དང་རྒྱ་གླིང་པ། དུང་ཆེན་པ། འཆམ་དཔོན་དང་འཆམ་འཇུག་བཅས་དང་། དེ་བཞིན་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྩིས་པ་དང་དགེ་བསྐོས། སྨན་རིའི་བླ་སྤྱིའི་དྲུང་ཆེ་དང་། གཡུང་དྲུང་བོན་གྱི་དྲ་རྒྱའི་སློབ་སྟོན་པ་བཅས་ཀྱི་ཕྱག་ལས་ཀྱང་མཛད། གསུང་རྩོམ་གྱི་སྐོར་ལ་<<རིགས་སྨྲ་དགྱེས་པའི་མཆོད་སྤྲིན་>>དང་། <<མན་ངག་ལུང་གི་ཡང་ཞུན།>> གླེགས་བམ་སྟོད་སྨད་གཉིས། <<གཡུང་དྲུང་གི་མཚོན་དོན་>>ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་གཅིག་བཅས་ཁྱོན་བསྡོམས་གསུང་རྩོམ་པོད་བཞི་བརྩམས་གནང་མཛད་ཡོད་པ་བཅས་ཀྱི་མཛད་རྣམ་སྙིང་བསྡུས་ཙམ་དུ། མར་ནང་དགེ་བཤེས་ཁྲི་གཡུང་དྲུང་ནས་བསྡུས་པ་དགེ་གྱུར་ཅིག །
-
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོའི་མཛད་སྒོའི་ཉིན་དང་པོ།
དེ་ཡང་ཕྱི་ལོ་༢༠༡༨ཟླ་༩པའི་ཚེས་༢ཉིན་སེམས་དཔའ་འདུས་སྡེ་རྒྱ་མཚོས་འདུལ་ཁང་ཆེན་མོའི་ནང་དུ་རབ་གནས་ཀྱི་ཆོ་ག་རྒྱས་པ་དབུ་འཛུགས་གནང་ཞིང་ཚེས་༣ཉིན་གྱི་ཞོགས་པའི་ཕྱག་ཚོད་༥པའི་ཐོག ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོའི་དབུ་འཛུགས་དང་འབྲེལ། སེམས་དཔའ་འདུས་སྡེ་རྒྱ་མཚོས་ཟང་གཏེར་རིག་འཛིན་འདུས་པའི་ཚོགས་མཆོད་རྒྱས་འབུལ་གྲུབ་རྗེས། ། ཕྱག་ཚོད་༩པའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་སེར་སྐྱ་མི་མང་རྣམས་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་གི་སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་འཛོམས་ནས་སེམས་དཔའ་འདུས་སྡེ་རྒྱ་མཚོས་རབ་གནས་ཀྱི་ཆོ་གའི་རིམ་པ་ལས་ཞལ་དབྱེ་བ་དང་ཁྲུས་གསོལ་བ་དང་མངའ་གསོལ་བ་དང་བྱིན་དབབ་པ་སོགས་རིམ་པར་གསུང་བར་སྦྲགས། ༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གིས་༧སྐྱབས་རྗེ་ཞིང་ཁམས་པ་མཆོག་གི་སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོ་དང་༧སྐྱབས་རྗེ་ཞིང་གཤེགས་པའི་གཟིམས་ཤག་ནང་དུ་བཞེངས་པའི་སྐུ་གདུང་སོགས་ཀྱི་ཞལ་དབྱེ་བ་དང་ཁྲུས་གསོལ་བ་དང་མངའ་གསོལ་བ་དང་རབ་གནས་སོགས་སྤེལ་མ་གནང་རྗེས་སླར་སྐུ་གདུང་རིན་པོ་ཆེ་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ཕེབས་ནས་གཞི་བརྟན་བཀྲ་ཤིས་སྨོན་ལམ་དང་གཤེན་རབ་མཆོད་རྔ་བརྒྱ་རྩ་སོགས་ཀྱི་མཐར་བརྒྱན་ནས་སྔ་དྲོའི་མཛད་རིམ་རྣམས་ལེགས་པར་གྲུབ་བོ། ཕྱི་དྲོའི་ཕྱག་ཚོད་༣པའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལྷོ་ངོས་སུ་རྟེན་གཞིར་ཆགས་པའི་༧བཙུན་དགོན་རདྣ་སྨན་གླིང་གིས་བཞེངས་པའི་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་པ་མཆོག་གི་སྐུ་གདུང་རིན་པོ་ཆེ་བཙུན་དགོན་དུ་གདན་ཞུས་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུས་པའི་སེར་སྐྱ་མི་མང་རྣམས་བཙུན་དགོན་དུ་ཕེབས་ནས་སྐུ་གདུང་རིན་པོ་ཆེ་དང་རྟེན་གཙོ་རྣམས་ལ་མངའ་དབུལ་རབ་གནས་གནང་ཞིང་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་སྒོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་སོགས་རྒྱས་འབུལ་གྲུབ་རྗེས་སྒྲུབ་ཁང་ནང་གི་རྟེན་གཙོ་རྣམས་ལ་རབ་གནས་དང་བཀྲ་ཤིས་སྨོན་ལམ་སོགས་མཛད། དགོང་མོའི་ཕྱག་ཚོད་༦ པའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུས་པའི་སེར་སྐྱ་མི་མང་རྣམས་༧དཔལ་གཤེན་བསྟན་སྨན་རིའི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་བཞེངས་ནས་ཡོ་བྱད་རྫས་ཀྱི་མཆོད་པ་རྣམ་ལྔ་དང་མཎྜལ་སོགས་ཇི་སྙེད་ཅིག་བཤམས་ཤིང་མར་མེ་རྒྱལ་མཚན་གྱི་ཚིག་བཤད་དབྱངས་སུ་གྱེར་ནས་སྣང་གསལ་སྒྲོན་མེའི་མཆོད་སྤྲིན་ཕུལ་བ་དང་། མཚན་ལྡན་བླ་མ་མཆོད་ཐབས་ཀྱི་ཚིག་བཤད་དང་སྦྲགས་མཆོད་པ་རྣམ་ལྔ་མཎྜལ་སོགས་རིམ་པར་ཕུལ་ཞིང་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་ཁམས་པའི་གསོལ་འདེབས་དབྱངས་སུ་གྱེར་ནས་འདུལ་ཁང་སྐུ་གདུང་སོགས་ལ་ཞབས་སྐོར་ཕེབས་པ་སོགས་ཀྱི་གནས་བསྡུས་སུ།
-
༧མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་ཞི་བར་གཤེགས་པར་༧སྨན་རིའི་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་ཐུགས་གསོའི་འཚམས་འཕྲིན་དང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་མང་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་པ།
༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་བོན་བརྒྱ་དགོན་པའི་འདུས་སྤྱི་དང་རེབ་གོང་བོན་མང་སོགས་མི་སྡེ་ལྷ་སྡེ་དག་ལ་གནངས་པའི་ཐུགས་གསོའི་འཚམས་འཕྲིན། ཚེས་༢༢ཉིན་མདོ་སྨད་བྱང་རྒྱུད་བོན་གྱི་བསྟན་བདག་ཆེན་མོ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་བོན་བརྒྱ་བླ་བྲང་དུ་སྐུ་ཆ་ལུགས་ལྔ་ལྡན་བཅས་ཐུགས་དམ་གཡོ་བ་མེད་པའི་ངང་ནས་སྐུ་མྱ་ངན་ལས་འདས་པའི་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་མ་ཐག་འདི་གར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན། དམ་པ་གང་ཉིད་ཀྱི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པ་ལ་༧དཔལ་ལྡན་སྨན་རིའི་བླ་བྲང་དང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་འདུས་སྤྱི་ནས་གདུང་སེམས་མཉམ་བསྐྱེད་དང་། ཁོང་གི་སྐུ་ཚེ་གང་བོར་བོན་གྱི་བསྟན་པ་སྨན་པའི་ལེགས་བྱས་དག་རྗེས་དྲན་གྱི་ཆེད་སྨན་རིའི་ཚོགས་ཁང་ཆེན་མོའི་སྟོན་པའི་སྐུ་བརྙན་དྲུང་དུ་མཆོད་པ་རྣམ་ལྔ་སོགས་བླ་མ་མཆོད་པའི་མཆོད་རྫས་ཇི་སྙེད་བཤམས་ནས་སེམས་དཔའ་འདུས་སྡེ་རྒྱ་མཚོས་སྒྲ་དག་ཚིག་གསལ་སྙན་པའི་དབྱངས་དང་བཅས་ཨ་རྫོགས་སྙན་གསུམ་སོགས་སེམས་བསྐྱེད་དང་ཐུགས་སྨོན་ཡང་དག་གི་སྒོ་ནས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་གནང་ཡོད་པ་དང་། གྲྭ་མང་ཡོངས་ལ་སྐུ་འགྱེད་སྒོར་༡༠༠བཅས་མཆོད་འབུལ་བྱས་ཡོད་པ་རེད།
-
གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་ཐེངས་དང་པོར་བསྐྱངས་པའི་གནས་ཚུལ།
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་ཐེངས་དང་པོར་བསྐྱངས་པའི་གནས་ཚུལ།
-
སྨན་རིའི་གླིང་དུ་འཚོགས་པའི་རིས་མེད་བགྲོ་གླེང་སྐབས་ཀྱི་རི་བོ་དགེ་ལྡན་པའི་ལྷ་རམས་པ་ངག་གི་དབང་ཕྱུག་མཆོག་གི་རྩོམ་ཤོག
༄།།རི་བོ་དགེ་ལྡན་པས་མདོ་སྔགས་ཀྱི་འོད་གསལ་དོན་དམ་བདེན་པ་ བཞེད་མི་བཞེད་ཀྱི་བཟུང་མཚམས་བཞུགས་སོ། ། རྩོམ་པ་པོ། ལྷ་རམས་པ་ངག་གི་དབང་ཕྱུག ། དེ་ཡང་མདོ་སྔགས་གཉིས་ཀའི་གཞུང་མང་པོར་འོད་གསལ་ལ་སྟོང་ཉིད་དམ་དོན་དམ་པའི་བདེན་པ་ཞེས་ཚིག་ཟུར་ལ་ཡོད་ཀྱང་། སྔ་རབས་པ་རྣམས་ནི་ཡེ་ཤེས་ལ་དོན་དམ་སྤྲོས་བྲལ་དངོས་བཞེད་ཅིང་། རི་བོ་དགེ་ལྡན་པས་ནི་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པར་བཞེད་དོ། ། དེ་ཡང་ཤེར་མདོ་ལས་སྟོང་གཞི་ཤེས་པ་ཕྲ་རགས་གཅིག་པོ་ལ་མི་འཇོག་པར། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་བདེན་པས་སྟོང་པས་ན་འོད་གསལ་བར་གསུངས། དཔེར་ན། ཡུམ་གྱི་མདོ་ལས། གཟུགས་ལ་གཟུགས་མ་མཆིས་ཏེ། གཟུགས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར། ཅེས་པ་ནས་རྣམ་མཁྱེན་གྱི་བར་དུ་དེ་ལྟར་གསུངས་སོ། །
-
༧སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་ལེགས་རྒྱ་མཚོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་བསྐྱངས་པ།
དེ་ཡང་༧སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་ལེགས་རྒྱ་མཚོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱི་ལོ་༢༠༡༨ཟླ་བ་༥པའི་ཚེས་༡༦ཉིན་ཨུ་རུ་སུའི་རྒྱལ་ས་Moscow ལ་ཕེབས་འབྱོར་བྱུང་བ་དང་། ཚེས་༡༧ནས་༢༤བར་ཨུ་རུ་སུའི་རྒྱལ་ས་རྙིང་པ་Sanket Petersborg དུ་སློབ་མ་ཁག་ཅིག་ལ་བྲུ་རྒྱལ་ཕྱག་ཁྲིད་ལས། ལམ་ཉམས་སུ་ལེན་པ་འོད་གསལ་སྒོམ་པའི་སྐོར་གྱི་དཔེ་ཁྲིད་གནང་བ་དང་ཡི་དམ་དབལ་ཁྱུང་དམར་པོའི་ཚོགས་འཁོར་བསྐོར་བ་དང་ནོར་ལྷ་མཆེད་བརྒྱད་ཀྱི་གཡང་འགུག་སོགས་གནང་།
-
སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་.མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་པ།
ཞང་ཞུང་རིག་གནས་ནི་ཀྲུང་གོའི་བོད་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་རྙིང་བ་དེ་ཡིན་ལ། མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱས་པའི་མེས་པོ་དག་གི་ཤེས་རབ་ཀྱི་ཉིང་བཅུད་ཀྱང་ཡིན། རིག་གཞུང་འདི་ཡིས་བོད་ལྗོངས་གནའ་བོའི་ལོ་རྒྱུས་རིག་གནས་ཀྱི་“རྩ་བ་” དང་“རྣམ་ཤེས”མཚོན་ཀྱིན་ཡོད་ལ། གངས་ལྗོངས་མཐོ་སྒང་གིས་མིའི་རིགས་ལ་བཞག་པའི་ཆེས་རྩ་ཆེ་བའི་ཤུལ་བཞག་རིག་གནས་ཡིན་ལ་བསམ་པའི་རྒྱུ་ནོར་ཡང་ཡིན། ཉེ་བའི་ལོ་འགའི་རིང་ཞང་ཞུང་རྒྱལ་ཁབ་དང་དེའི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་རིམ་བཞིན་ཞིབ་འཇུག་པ་དག་གིས་དོ་ཁུར་བྱ་ཡུལ་དུ་གྱུར་ཅིང་། ཞང་ཞུང་དང་དེའི་རིག་གནས་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་ལས་རིམ་ཀྱང་སྔར་ལས་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད།
-
འབྲུག་ཆུ་ནས་བོན་གྱི་དཔེ་རྙིང་སྐོར་ཞིག་ཡང་བསྐྱར་གསར་རྙེད་བྱུང་བ།
ཟླ ༥བའི་ཚེས ༡༩ཉིན་ནས་ཚེས ༢༧ཉིན་གྱི་བར། ཀན་ལྷོའི་གསར་འགྱུར་ཁང་དང་འབྲུག་ཆུ་རྫོང་གནའ་དཔེ་སྔོག་འདོན་དག་སྒྲིག་དང་རྒྱུད་འཛིན་སྲུང་སྐྱོབ་འགོ་ཁྲིད་ཚན་ཆུང་གི་མི་བརྒྱད་ཀྱིས་གྲུབ་པའི་འབྲུག་ཆུའི་བོན་གྱི་གནའ་དཔེ་རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་འབྲུག་ཆུའི་ཧྥུན་ཏས་དང་སྦྲ་རྫོང་། ཧན་པན། ཆུ་མགོ་ནང་། གོང་སྨད། བོད་ཡུལ་སོགས་ཤང་གྲོང་དུ་ཡང་བསྐྱར་དུ་གནའ་བོའི་བོན་གྱི་དཔེ་རྙིང་འཚོལ་སྒྲིག་བྱེད་པའི་བྱ་བ་སྤེལ། སྡེ་གྲོང་སོ་སོར་ཡང་བསྐྱར་དུ་བཅར་འདྲི་དང་འཚོལ་བསྡུ་ཞིབ་ཕྲ་བྱེད་པའི་བརྒྱུད་རིམ་ཁྲོད་མཐའ་འཁོབ་ལུང་ཁུག་གི་བོད་སྡེ་བཞི་རུ་བསྡོམས་པས་བོན་གྱི་དཔེ་རྙིང་པོད ༡༦དང་ཤོག་ལྡེབ ༤༦༤༨མཆོད་ཆས ༢༠གསར་དུ་རྙེད།